ཧྥ་རན་སི་དང་ཐུར་ཁེ་ཡིས་ལི་པུ་ཡཱའི་གནས་བབ་ཐད་ནས་ཕན་ཚུན་ལ་སྐྱོན་འཛུགས་བྱས།
2020.06.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གསུམ་ཉིན་ཧྥ་རན་སིའི་སྲིད་གཞུང་གིས་ལི་པུ་ཡཱའི་ཤར་ཕྱོགས་དྲག་ཆས་པར་རྒྱབ་སྐྱོར་བྱེད་པ་ནི་ལི་པུ་ཡཱ་ནས་ཉེན་ཁའི་རོལ་རྩེད་བྱེད་པ་ཡིན་པར་སྐྱོན་འཛུགས་བྱས། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་སྔ་ཉིན་ཐུར་ཁེ་ལ་དམིགས་པའི་རིགས་མཐུན་གྱི་སྐྱོན་བརྗོད་ཐད་ནས་རྒོལ་ལན་སྤྲད་པ་རེད། 

མཱ་ཁི་ལུང་གིས་ཚེས་ཉེར་གཉིས་ཉིན་ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་དབྱེ་ཏི་དང་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ང་ཚོསི་ཐུར་ཁེ་ཡིས་མིག་སྔར་ལི་པུ་ཡཱའི་བྱ་སྤྱོད་ལ་བཟོད་བསྲན་བྱེད་མི་སྲིད་ཟེར། 

ལི་པུ་ཡཱའི་ཤར་ནུབ་ཆབ་སྲིད་སྟོབས་ཤུགས་ཆེན་པོ་གཉིས་དགྲ་རུ་ལངས་པ་དང་། ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་རྒྱལ་ས་ཏི་ལོས་པའོ་ལི་སོགས་ནུབ་ཕྱོགས་ས་ཁུལ་བདག་ཏུ་བཟུང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁས་ལེན་ཐོབ་ཡོད་ལ། ཐུར་ཁེ་དང་ཁཱ་ཐར་སོགས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ་ཡོད། ཤར་ཕྱོགས་དྲག་ཆས་པ་རྒྱལ་དམངས་དམག་དཔུང་གིས་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་བར་མནའ་འབྲེལ་བཙུགས་ཏེ། གཙོ་བོ་ཤར་ཕྱོགས་ས་ཁུལ་དང་ལྷོ་ཕྱོགས་རྡོ་སྣུམ་ཐོན་པའི་ས་ཁུལ་ཚོད་འཛིན་བྱས་ཡོད་ལ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་སོ་ཏི་ཨ་རབ། ཨེ་ཅིབ་སོགས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ་ཡོད། 

མཱ་ཁི་ལུང་གིས་བཤད་རྒྱུར། ཧྥ་རན་སི་ཡིས་ལི་པུ་ཡཱ་ལ་ཐེ་གཏོགས་བྱེད་པའི་ཕྱི་ཕྱོགས་སྟོབས་ཤུགས་གང་རུང་ལ་ངོ་རྒོལ་བྱེད་པ་དང་། ཐུར་ཁེ་ཡིས་མི་རིགས་མཐུན་སྒྲིལ་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པ་ནི་ཉེན་ཁའི་རོལ་རྩེད་ཅིག་ཡིན་ཟེར། ཁོས་བཤད་རྒྱུར། རྒྱལ་ཁབ་གཞན་པས་ཉེ་སྔོན་ལི་པུ་ཡཱའི་གནས་བབ་ཐད་ནས་ཐེ་གཏོགས་བྱེད་པ་ཇེ་ཉུང་དུ་བཏང་ཡོད་ཀྱང་། ཐུར་ཁེ་ཕྱོགས་ཀྱིས་ཐེ་གཏོགས་མང་དུ་བྱེད་བཞིན་ཡོད་ཟེར། 

མཱ་ཁི་ལུང་གི་བཤད་ཚུལ་ཐད་ནས་ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཧྥ་རན་སི་ཡིས་ལོ་མང་བོའི་རིང་ལ་ལི་པུ་ཡཱའི་ཁྲིམས་འགལ་ལས་ཁུངས་ལ་རྒྱབ་སྐྱོར་བྱས་པས། ལི་པུ་ཡཱ་འཁྲུག་རྩོད་ཀྱི་གནས་སུ་ལྷུང་དུ་འཇུག་པར་འགན་གཙོ་བོ་ཁུར་དགོས། དོན་དངོས་སུ་ཧྥ་རན་སི་ཡིས་ལི་པུ་ཡཱ་རུ་ཉེན་ཁའི་རོལ་རྩེད་བྱེད་བཞིན་ཡོད་ཟེར། 

བསྒྲགས་པ་ལྟར་ན། ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་ཧྥ་རན་སིའི་སྲིད་གཞུང་གིས་རྒྱལ་དམངས་དམག་དཔུང་གིས་མགོ་ཁྲིད་པ་ཧཱ་ཧྥུའུ་ཐཱ་ཨར་ལ་རྒྱབ་སྐྱོར་བྱེད་པར་ངོས་འཛིན་བྱས་ཡོད། དབྱེ་ཞིབ་མི་སྣ་རེ་འགས་བལྟས་ན། ཧྥ་རན་སི་ཡིས་ཕྱི་འབྲེལ་རིམ་པ་ནས་ཧཱ་ཧྥུའུ་ཐཱ་ཨར་ལ་རྒྱབ་སྐྱོར་བྱས་པར་འདོད། ཧྥ་རན་སིའི་སྲིད་གཞུང་གིས་བཤད་རྒྱུར། ཧྥ་རན་སིའི་ཕྱོགས་ཀྱིས་ལི་པུ་ཡཱའི་དམག་དོན་ཐེ་གཏོགས་ནི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་དམིགས་ཡུལ་ཁོ་ན་ཡིན་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།