དབྱི་ལིང་གིས་ཁྲིམས་སྲོལ་གསར་བ་ཕྱིར་བཏོན་ནས་རིམས་ནད་ཕྱིར་འབྱུང་བར་ཁ་གཏད་འཇལ།
2020.06.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

རིམས་འགོག་བཀག་སྡོམ་བྱེད་ཐབས་ལྷོད་རྗེས། དབྱི་ལིང་གི་རིམས་ནད་ཡང་བསྐྱར་རྒྱ་ཡན་དུ་སོང་། ཙུང་ཐུང་ལུའུ་ཧྭ་ཉི་ཡིས་ཚེས་ཉེར་བརྒྱད་ཉིན་རྒྱལ་ཁབ་ཀྱི་རིམས་ནད་བཀག་སྡོམ་བཀོད་འདོམས་པུའུ་ཡི་གྲོས་ཚོགས་སྟེང་བཤད་རྒྱུར། ཟླ་བདུན་པའི་ཚེས་ལྔ་ཉིན་ཚུན་གྱི་གཟའ་འཁོར་གཉིས་ནང་། སྡོད་དམངས་ཀྱིས་སྤྱི་ཐུན་ཡུལ་གནས་སུ་ངེས་པར་དུ་ཁ་ཐུམ་རྒྱག་དགོས་པ་དང་། འབྲེལ་ཡོད་འཕྲོད་བསྟེན་གཏན་ཁེལ་བརྩི་སྲུང་མི་བྱེད་པར་ཆད་གཅོད་བྱེད་རྒྱུ་ཡིན་ཟེར།

ཚོགས་ཐོག་ནས་ད་དུང་། རིམས་ནད་དམར་པོའི་ཉེན་ཁའི་རིམ་པ་རུ་སླེབས་པའི་གྲོང་ཁྱེར་གྱིས་གོང་རིམ་སྡེ་ཁག་ལ་འབྲེལ་ཡོད་རིགས་འགོག་བཀག་སྡོམ་བྱེད་ཐབས་ཡང་བསྐྱར་ལག་བསྟར་བྱེད་རྒྱུའི་ཡིག་ཐོག་སྙན་ཞུ་ཕུལ་ཆོག་པ་གཏན་ཁེལ་བྱས།

དབྱི་ལིང་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། གསར་དུ་ནད་རྟགས་ངོས་འཛིན་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྟོང་གཉིས་དང་བཞི་བརྒྱ་གྱ་དགུ་ཡོད་པ་དང་། བསྡོམས་པས་ནད་པ་འབུམ་གཉིས་དང་ཁྲི་གཉིས་སྟོང་གཉིས་དྲུག་བརྒྱ་རེ་དགུ་ལ་སླེབས་ལ། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་གཅིག་དང་ལྔ་བརྒྱ་དང་བརྒྱད་ལ་སླེབས་པ་དང་། དྲག་སྐྱེད་བྱུང་བའི་ནད་པའི་ཁ་གྲངས་འབུམ་གཅིག་ཁྲི་བརྒྱད་སྟོང་གསུམ་སུམ་བརྒྱ་དང་བཅུ་ལ་སླེབས།

ལོ་ཙཱ་བ། རིན་ཆེན་མཚོ།