ཕུའུ་ཅིན་གྱིས་རྒྱ་གར་སོགས་ཀྱི་མགོ་ཁྲིད་པར་ཁ་པར་བཏང་། 
2020.07.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་གཉིས་ཉིན་རྒྱ་གར་དང་ཨ་སེ་པེད་ཅང་སོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པར་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་དུས་བཅད་ལྟར་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་ཁ་པར་བཏང་། མའོ་ཏིས་ཀྱིས་ཨུ་རུ་སིའི་རྩ་ཁྲིམས་བཟོ་བཅོས་བྱེད་པའི་འཆར་ཟིན་ལ་དམངས་ཡོངས་ཀྱིས་བརྡས་ཐག་བཅད་དེ་བདེ་བླག་ངང་གྲོས་འཆམ་བྱུང་བའི་ཐད་ནས་ཕུའུ་ཅིན་ལ་རྟེན་འབྲེལ་ཞུས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཕན་ཚུན་བར་གྱི་འབྲེལ་བའི་ཁྲོད་ཀྱི་གནད་དོན་གཙོ་བོར་གྲོས་བསྡུར་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྲ་བརྟན་དུ་བཏང་སྟེ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་དང་རྒྱལ་སྤྱིའི་རྩ་འཛུགས་ཁྲོད་ཀྱི་རོགས་ལས་ཟབ་མོར་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན། 

ཕུའུ་ཅིན་གྱིས་ཉིན་དེར་ད་རུང་དུས་བཅད་ལྟར་ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་དང་ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ། ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་བཅས་ལ་ཁ་པར་བཏང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། རྒྱལ་ཁབ་བཞིའི་མགོ་ཁྲིད་པས་ཨུ་རུ་སིའི་རྩ་ཁྲིམས་བཟོ་བཅོས་བྱེད་པའི་འཆར་ཟིན་ལ་དམངས་ཡོངས་ཀྱིས་བརྡས་ཐག་བཅད་དེ་བདེ་བླག་ངང་གྲོས་འཆམ་བྱུང་བའི་ཐད་ནས་ཕུའུ་ཅིན་ལ་རྟེན་འབྲེལ་ཞུས།

ཨུ་རུ་སི་ཡིས་ཚེས་གཅིག་ཉིན་ཨུ་རུ་སིའི་རྩ་ཁྲིམས་བཟོ་བཅོས་བྱེད་པའི་འཆར་ཟིན་ལ་དམངས་ཡོངས་ཀྱིས་བརྡས་ཐག་བཅད་པ་དང་། ཨུ་རུ་སིའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་གཉིས་ཉིན་ཁྱབ་སྒྲོག་བྱས་པའི་འདེམ་ཤོག་བསྡོམས་རྩིས་ཀྱི་མཇུག་འབྲས་ལྟར་ན། རྩ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དེར་བརྒྱ་ཆའི་དོན་བདུན་དང་གྲངས་ཆུང་དགུ་གཉིས་ལྷག་གི་འདེམ་དམངས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།