དབྱི་ཐ་ལི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཁྲི་གཅིག་དང་སྟོང་ལྔ་དྲུག་ཅུ་ལ་ཇེ་ཉུང་དུ་སོང་།
2020.07.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

དབྱི་ཐ་ལི་འཕྲོད་བསྟེན་པུའུ་ཡིས་ཟླ་བདུན་པའི་ཚེས་གཉིས་ཉིན་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་གནས་ཚུལ་བསྒྲགས་པ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཁྲི་གཅིག་དང་སྟོང་ལྔ་དྲུག་ཅུ་ལ་ཇེ་ཉུང་དུ་སོང་བ་དང་དེ་སྔ་ཉིན་དང་བསྡུར་ན་ནད་པ་བརྒྱ་དང་གོ་ལྔ་ཇེ་ཉུང་དུ་སོང་།

ད་ལྟའི་ནད་པའི་ཁྲོད་དུ་མི་ཁྲི་གཅིག་དང་སྟོང་བཞི་དང་བཅོ་ལྔ་ཁྱིམ་ཚང་དུ་ལོགས་བཀར་བྱས་ཡོད་པ་དང་། མི་དགུ་བརྒྱ་དང་རེ་གསུམ་ལ་སྨན་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད་ལ། མི་གྱ་གཉིས་ནད་པ་ལྗིད་མོའི་ལྟ་སྐྱོང་ཁང་དུ་སྨན་བཅོས་བྱེད་ཀྱིན་ཡོད། སྤྱིར་བཏང་གི་སྨན་བཅོས་བྱེད་པའི་ནད་པ་དང་ནད་པ་ལྗིད་མོ་སོ་སོར་སྔ་ཉིན་དང་བསྡུར་ན་ནད་པ་རེ་གཉིས་དང་ལྔ་ཡིས་ཇེ་ཉུང་དུ་སོང་།

གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་གཅིག་འཕར་སྣོན་བྱུང་བ་དང་བསྡོམས་པས་ངོས་བཟུང་བའི་ནད་པ་འབུམ་གཉིས་དང་ཁྲི་བཞི་དགུ་བརྒྱ་དང་རེ་གཅིག་ལ་སླེབས། དྲག་སྐྱེད་བྱུང་བའི་ནད་པ་སུམ་བརྒྱ་དང་རེ་དྲུག་འཕར་སྣོན་བྱུང་ཞིང་བསྡོམས་པས་ནད་པ་འབུམ་གཅིག་དང་ཁྲི་དགུ་སྟོང་གཅིག་དང་གྱ་གསུམ་དྲག་སྐྱེད་བྱུང་། རྐྱེན་ལམ་དུ་ཤོར་བའི་ནད་པ་སུམ་ཅུ་འཕར་སྣོན་བྱུང་ཞིང་བསྡོམས་པས་ནད་པ་ཁྲི་གསུམ་དང་སྟོང་བཞི་བརྒྱད་བརྒྱ་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།

དབྱི་ཐ་ལི་རྒྱལ་ཁབ་སྡོམ་རྩིས་ཅུའུ་ཡིས་ཚེས་གཉིས་ཉིན་བསྒྲགས་པའི་གྲངས་ཀ་ལྟར་ན། དབྱི་ཐ་ལི་རྒྱལ་ཁབ་ཏུ་ཟླ་ལྔ་བའི་ནང་མི་ཁྲི་བརྒྱད་ལྷག་གི་ལས་ཀ་ཤོར་བ་དང་ལས་ཤོར་གྱི་ཚད་བརྒྱ་ཆའི་བདུན་དང་གྲངས་ཆུང་བརྒྱད་ལ་སླེབས། ཟླ་ལྔ་བའི་ནང་ན་གཞོན་ལས་ཤོར་གྱི་ཚད་བརྒྱ་ཆའི་ཉེར་གསུམ་དང་གྲངས་ཆུང་ལྔ་ལ་སླེབས།

                                                                                       ལོ་ཙཱ་བ། བཀྲ་ཤིས་འབུམ།