ཨ་མེ་རི་ཁའི་ཨ་ལ་སི་ཅ་མངའ་སྡེ་རུ་གནམ་གྲུ་གདོང་ཐུག་བརྒྱབ་པའི་ལས་འཛོལ་བྱུང་ནས་ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར།
2020.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

གནམ་གྲུ་ཆུང་གྲས་གཉིས་ཚེས་སོ་གཅིག་ཉིན་གྱི་སྔ་དྲོ་ཨ་མེ་རི་ཁའི་ཨ་ལ་སི་ཅ་མངའ་སྡེ་རུ་གདོང་ཐུག་བརྒྱབ་རྗེས་སར་ལྷུངས་པ་རེད། ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར།

ཨ་མེ་རི་ཁའི་གསར་ལམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དོན་རྐྱེན་དེ་ཨ་ལ་སི་ཅ་མངའ་སྡེ་ཡི་ཅི་ནེ་ཕྱེད་གླིང་གི་སུའོ་ཨར་ན་གནམ་གྲུ་ཐང་གི་ཉེ་འདབས་སུ་བྱུང་བ་རེད། ཆག་སྒོ་བྱུང་བའི་གནམ་གྲུའི་ཁྲོད་ཀྱི་གཅིག་ནི་ཏེ་ཧ་ཝེ་ལན་DHC-2“མཚོ་བྱི”རྐྱང་སྒུལ་གནམ་གྲུ་རེད། གནམ་གྲུ་གཞན་ཞིག་གི་བཟོ་དབྱིབས་ད་དུང་གཏན་འཁེལ་བྱས་མེད། གནམ་གྲུ་གཉིས་ཀྱི་སྟེང་གི་མི་སྣའི་གྲངས་ཀ་ཚང་མ་གསལ་བོ་མིན། ཤེས་རྟོགས་བྱུང་བར་གཞིགས་ན། ལས་འཛོལ་དེས་ཨ་ལ་སི་ཅ་མངའ་སྡེ་ཡི་གྲོས་མི་ཅ་ལི·ཁེ་ནུའོ་ཕུའུ་ཚུད་པའི་མི་གཉིས་རྐྱེན་ལམ་དུ་ཤོར་བ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་ཅུའུ་དང་ཨ་མེ་རི་ཁ་རྒྱལ་ཁབ་སྐྱེལ་འདྲེན་བདེ་འཇགས་ཨུ་ཡོན་ལྷན་གིས་ལས་འཛོལ་གྱི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

ལོ་ཙཱ་བ། བན་དེ་སྐྱབས།