ཀུའུ་ཐི་ལོས་སི་ཡིས་པྲོག་གསར་གློ་ཚད་རིམས་ནད་ལས་སློབ་སྦྱོང་གོ་སྐབས་འདྲ་མཉམ་མིན་པའི་སྣང་ཚུལ་ཇེ་སྡུག་ཏུ་སོང་ཡོད་པའི་ཉེན་བརྡ་བཏང་། 
2020.08.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཞི་ཉིན་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ཀྱིས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་སློབ་གསོའི་རྒྱུན་ཆད་པའི་སྣང་ཚུལ་ཆེས་ཚབས་ཆེན་བཟོས་ཡོད། སློབ་གྲྭས་དུས་ཡུན་རིང་བོར་སློབ་ཁྲིད་མཚམས་བཞག་པས་སློབ་སྦྱོང་གི་གོ་སྐབས་འདྲ་མཉམ་མིན་པའི་སྣང་ཚུལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་བྱེད་ཐབས་ནུས་ལྡན་སྤྱད་དེ་ཧུར་ཐག་སྒོས་ཉམས་ཉེན་དེ་ཐག་གཅོད་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་སྤེལ་བའི་སློབ་གསོ་དང་པྲོག་གསར་གློ་ཚད་རིམས་ནད་གནས་ཚུལ་གྱི་སྲིད་ཇུས་བསྡུས་འཕྲིན་ཞེས་པའི་བརྙན་རིས་ཞུ་ཚིག་འབུལ་སྐབས། སློབ་གསོ་དེ་མི་སྒེར་གྱི་འཕེལ་རྒྱས་དང་མིའི་རིགས་སྤྱི་ཚོགས་ཀྱི་མ་འོངས་པའི་སྲོག་ཤིང་རྒྱུ་རྐྱེན་དུ་རྒྱས་བརྗོད་བྱས་ཡོད། ཀུའུ་ཐི་ལོས་སི་ཡིས་འཛམ་གླིང་ཡོངས་ལ་རྒྱུན་མཐུད་མི་རུང་བའི་འདྲ་མཉམ་མིན་པའི་སྣང་ཚུལ་འབྱུང་བཞིན་ཡོད། ང་ཚོས་སྔོན་ཆད་ཀྱི་དུས་གང་རུང་ལས་འདྲ་མཉམ་ལ་ཡར་སྐུལ་བྱེད་པའི་ཡོ་བྱད་གཙོ་བོ་སྟེ་སློབ་གསོ་མཁོ་གལ་ལྷག་ཏུ་ཆེ་བས། ངེས་པར་དུ་བྱེད་ཐབས་སྤྱད་དེ་མ་འོངས་པར་འཚམ་ཞིང་བཟོད་སྒོམ་རང་བཞིན་ལྡན་ལ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་གསར་འཛུགས་བྱེད་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ཡོངས་ཀྱི་སློབ་མ་ཐེར་འབུམ་གཅིག་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མི་རྣམས་ཀྱིས་ཧུར་ཐག་སྒོས་རིམས་ནད་ཉམས་ཉེན་སྐབས་སུ་རྒྱང་སྒྲོག་དང་བརྙན་འཕྲིན། དྲ་རྒྱ་བཅས་བརྒྱུད་དེ་མུ་མཐུད་དུ་སློབ་སྦྱོང་བྱེད་བཞིན་ཡོད་ཀྱང་། ཆ་རྐྱེན་དེ་འདྲ་མེད་པའི་མི་མང་བོ་ཞིག་ཡོད། དབང་བོ་སྐྱོན་ཅན་དང་གྲངས་ཉུང་མི་རིགས་སམ་སྟོབས་ཤུགས་ཞན་པའི་ཚོགས་ཁག ཡུལ་གྱར་བ་དང་འགྲོ་སའི་ཁྱིམ་མེད་པའི་མི་སོགས་གང་ཡིན་ཡང་འདོར་ཐབས་མེད་པའི་མི་ཚོགས་ཀྱི་ཁོངས་སུ་གཏོགས་པ་ཡིན། རྒྱང་བསྟེན་སློབ་གསོ་མྱོང་ཐུབ་པའི་སློབ་མ་ཡིན་ཡང་འགྲན་རྩོད་ལ་འཕྲད་ཡོད་པ་དང་། རྒྱུ་མཚན་ནི་ཁོ་ཚོ་དཀའ་ཁག་གཞན་པར་འཕྲད་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། རིམས་ནད་མ་བྱུང་གོང་། འཛམ་གླིང་ཡོངས་སུ་སློབ་སྦྱོང་གི་ཉམས་ཉེན་ཚབས་ཆེན་བྱུང་ཡོད་ལ། བྱིས་པ་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ལྷག་གི་སློབ་སྦྱོང་གོ་སྐབས་ཤོར་ཡོད། ད་ལྟ་ང་ཚོའི་མདུན་དུ་ལྷགས་པ་ནི་མི་རབས་ཤིག་གི་གནོད་འཚེ་ཡིན། དེས་ཚོད་དཔག་བྱེད་ཐབས་མེད་པའི་མིའི་རིགས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆུད་ཟོས་སུ་གཏོང་སྲིད་པ་དང་། ལོ་ངོ་བཅུ་ཕྲག་འགའི་གོང་འཕེལ་ལ་གཏོར་བརླག་བྱས་ཏེ། འདྲ་མཉམ་མིན་པའི་སྣང་ཚུལ་སྔར་ལས་ཇེ་སྡུག་ཏུ་འགྲོ་ངེས་རེད་ཟེར། 

སྲིད་ཇུས་བསྡུས་འཕྲིན་ལས་གནད་འགག་གི་ཁྱབ་ཁོངས་བཞི་ནས་འགུལ་སྐྱོད་སྤེལ་དགོས་པའི་འབོད་སྐུལ་བཏང་བ་དང་། ཐོག་མའི་འགུལ་སྐྱོད་ནི་རིམས་ནད་འགོ་བར་ཚོད་འཛིན་ངེས་ཅན་ཐོབ་རྗེས་ཡང་བསྐྱར་སློབ་མགོ་རྩོམ་རྒྱུ་དེ་ཡིན་ཟེར། ཀུའུ་ཐི་ལོས་སི་ཡིས་ད་རུང་སློབ་གསོའི་ཐད་ཀྱི་དངུལ་གཏོང་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།