ཐུར་ཁེ་ཡིས་ལེ་པཱ་ནུན་ལ་རོགས་རམ་བྱས་ནས་གྲུ་ཁ་བསྐྱར་འཛུགས་བྱེད་འདོད་ཡོད་པའི་ཚུལ་བསྟན། 
2020.08.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཐུར་ཁེའི་ཙུང་ཐུང་གཞོན་པ་ཨོ་ཁི་ཐཱ་དབྱེ་དང་ཕྱི་འབྲེལ་པུའུ་ཡི་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་གཉིས་ཀྱིས་ཚེས་བརྒྱད་ཉིན་ལེ་པཱ་ནུན་དུ་འཚམས་འདྲི་བྱས་པ་དང་། ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་དང་གྲོས་མོལ་བྱས། 

ཨོ་ཁི་ཐཱ་དབྱེ་ཡིས་ཨོ་ཨིན་ལ་ཐུག་འཕྲད་བྱས་རྗེས་གསར་འགོད་པར་བཤད་རྒྱུར། ཐུར་ཁེ་ཡིས་ལེ་པཱ་ནུན་ལ་རོགས་རམ་བྱས་ཏེ་གྲུ་ཁ་བསྐྱར་འཛུགས་བྱེད་འདོད་ཡོད་པར་མ་ཟད། མྱུར་སྐྱོབ་གནམ་གྲུ་མངག་ནས་རྨས་མ་དག་ཐུར་ཁེ་རུ་ཡོང་ནས་གསོ་བཅོས་བྱེད་རྒྱུ་ཡིན་ཟེར། 

ཨོ་ཁི་ཐཱ་དབྱེ་ཡིས་བཤད་རྒྱུར། གྲུ་ཁའི་བསྐྱར་འཛུགས་ཡོངས་འགྲུབ་མ་བྱས་གོང་། ཐུར་ཁེ་ཡིས་ཐུར་ཁེའི་ས་དཀྱིལ་མཚོ་ཁོངས་ཀྱི་མཱེ་ཨར་ཞིན་གྲུ་ཁ་སྒོ་འབྱེད་བྱེད་འདོད་ཡོད་ཅིང་། ཕྱི་ཕྱོགས་ཀྱིས་ལེ་པཱ་ནུན་དུ་སྐྱེལ་འདྲེན་བྱེད་པའི་དངོས་རྫས་དག་བསྡུ་ལེན་བྱེད་པའི་ཐད་བཀོལ་བ་དང་། རྩིས་བཤེར་དང་གསོག་ཉར་ཞབས་ཞུ་འདོན་སྤྲོད་བྱས་རྗེས་ལེ་པཱ་ནུད་དུ་སྐྱེལ་རྒྱུ་ཡིན་ཟེར། 

ཁོས་བཤད་རྒྱུར། དངོས་རྫས་དག་གྲུ་གཟིངས་ཆུང་བ་དང་ཡང་ན་ཐབས་གཞན་པར་བརྟེན་ནས་མཱེ་ཨར་ཞིན་གྲུ་ཁ་ནས་ལེ་པཱ་ནུན་དུ་སྐྱེལ་རྒྱུ་ཡིན་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།