ནེ་ཐ་ཉི་ཡ་ཧུའུ་ཡིས་དབྱི་སི་རལ་དང་པ་རེན་བར་དུ་ཐད་འཕུར་གནམ་གྲུ་གཏོང་རྒྱུ་ཡིན་ཞེས་བཤད།
2020.09.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། དབྱི་སི་རལ་དང་པ་རེན་གཉིས་ཕྱོགས་གཉིས་བར་དུ་ཕྱོགས་ཡོངས་ཀྱི་འབྲེལ་བ་འཛུགས་རྒྱུར་འཐད་པ་བྱུང་རྗེས། རྒྱལ་ཁབ་གཉིས་ཀྱི་བར་དུ་ཐད་འཕུར་གནམ་གྲུ་གཏོང་རྒྱུ་ཡིན་ཟེར།

ནེ་ཐ་ཉི་ཡ་ཧུའུ་ཡི་གཞུང་སྒྲུབ་ཁང་གིས་བཤད་རྒྱུར། ནེ་ཐ་ཉི་ཡ་ཧུའུ་ཡིས་ཉིན་དེར་དབྱི་སིར་ལ་གྱི་གྲོས་ཚོགས་ལ་དབྱི་སི་རལ་དང་པ་རེན་བར་དུ་སྐྱེ་སྟོབས་འབར་བའི་ཐད་ཀར་གྱི་མཁའ་ལམ་ཞིག་ཡོད་ངེས་ཞེས་བཤད་སོང་ཟེར།

ཨ་མེ་རི་ཁ་དང་དབྱི་སི་རལ། པ་རེན་བཅས་ཀྱིས་ཚེས་བཅུ་གཅིག་ཉིན་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་དབྱི་སི་རལ་དང་པ་རེན་གཉིས་ཕྱོགས་གཉིས་བར་དུ་ཕྱོགས་ཡོངས་ཀྱི་འབྲེལ་བ་འཛུགས་པར་འཐད་པ་བྱུང་ཞེས་བཤད། མཉམ་འབྲེལ་གསལ་བསྒྲགས་དེ་མ་སྤེལ་བའི་ཟླ་གཅིག་ཙམ་གྱི་སྔོན་ལ། ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་དང་དབྱི་སི་རལ་གྱིས་འབྲེལ་བ་ཕྱོགས་ཡོངས་ནས་རྒྱུན་ལྡན་ཅན་དུ་བཏང་བ་དང་། རྒྱལ་ཁབ་གཉིས་ཀྱིས་འགོད་རྒྱུ་ཡིན་པའི་གྲོས་ཆོད་ཀྱི་ནང་དུ་ཕན་ཚུན་བར་ཐད་འཕུར་གནམ་གྲུ་གཏོང་རྒྱུ་ཡང་འདུ་ཞེས་བསྒྲགས་ཡོད།

དབྱི་སི་རལ་གྱིས་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་དང་པ་རེན་བར་གྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་བཏང་བའི་ཐད་ནས། ཕ་ལེ་སི་ཐན་དང་དབྱི་ལང་། ཐུར་ཁེ་སོགས་ཕྱོགས་ཀྱིས་ངོ་རྒོལ་དྲག་པོ་བྱས་པ་དང་རྒོལ་གཏམ་བཏང་། ཨེ་ཅིབ་སོགས་ཕྱོགས་ཀྱིས་དེ་ལས་ལྡོག་སྟེ་དགའ་བསུ་ཞུས། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་ཅུའུ་ཡིས་ཚེས་གཉིས་ཉིན་རྒྱལ་ཁབ་སོ་སོའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་ཕན་ཚུན་འཕུར་བའི་གནམ་གྲུ་རྣམས་སོ་ཏི་ཨ་རབ་ཀྱི་བར་སྣང་བརྒྱུད་དུ་འཇུག་རྒྱུ་ཡིན་ཞེས་བསྒྲགས། སྨྱན་སྦྱོར་ལས་ཁུངས་དག་གིས་བྱེད་ཐབས་དེས་དབྱི་སི་རལ་དང་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་བར་དུ་ཐད་འཕུར་གནམ་གྲུ་གཏོང་བར་དབང་ཆ་སྤྲད་པ་རེད་ཅེས་འདོད་ཡོད།

ལོ་ཙཱ་བ། ཕྱུག་ལོ།