མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་པྲོག་གསར་ནད་དུག་ནི་དེང་སྐབས་འཛམ་གླིང་གི་བདེ་འཇགས་ཐད་ཀྱི་འཇིགས་སྣང་ཆེས་ཆེན་པོ་ཡིན་ཞེས་བཤད།
2020.09.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་བཅུ་དྲུག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་ནས་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། པྲོག་གསར་ནད་དུག་ནི་དེང་སྐབས་འཛམ་གླིང་གི་བདེ་འཇགས་ཐད་ཀྱི་འཇིགས་སྣང་ཆེས་ཆེན་པོ་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མཐུན་སྒྲིལ་གཅིག་གྱུར་གྱིས་ནད་དུག་ལ་འགོག་རྒོལ་བྱེད་དགོས་ཟེར།

སྔོན་ཆད་ཀྱི་གོམས་སྲོལ་ལྟར་ན། ཀུའུ་ཐི་ལེ་སི་ཡིས་ལོ་རེའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་རྩོད་གླེང་ཚོགས་འདུའི་སྔོན་ལ་གསར་འགོད་པའི་ཚོགས་འདུ་བསྡུས་ནས། རང་གི་ལྟ་ཚུལ་མཚམས་སྦྱོར་བྱེད་བཞིན་ཡོད། ཁོས་བཤད་རྒྱུར། པྲོག་གསར་ནད་དུག་ནི་ང་ཚོས་མི་ཚེ་འདིར་མཐོང་མ་མྱོང་བའི་འགྲན་རྩོད་ཆེན་པོ་ཡིན་ལ། འདིའི་རྐྱེན་གྱིས་ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྔར་མེད་ཀྱི་རྣམ་པ་ཞིག་སྤྱད་དེ་བསྡུ་དགོས་པ་བྱུང་ཡོད་ཟེར།

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་ཆེད། ཁོས་ད་ལོའི་ཟླ་གསུམ་པར་འཛམ་གླིང་ཡོངས་སུ་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་འགོ་བཏོན་པ་ཡིན་ལ། མིག་སྔར་ཨ་ཧྥུའུ་ཧན་དང་སུའུ་ཏན་སོགས་རྒྱལ་ཁབ་ཏུ་དགའ་འོས་པའི་སྣང་ཚུལ་བྱུང་ཡོད། ཡིན་ནའང་ཚང་མས་དོ་སྣང་བྱེད་ས་གཞན་དག་ཏུ་གནས་བབ་སྔར་བཞིན་ཛ་དྲག་ཆེ་བ་དང་། ཕྱོགས་སོ་སོས་ཕན་ཚུན་ལ་ཡིད་ཆེས་མི་བྱེད་པའི་སྣང་ཚུལ་དེ་ཚབས་ཇེ་ཆེར་འགྲོ་བཞིན་འདུག ཁོ་རང་ཉིད་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་འབོད་སྐུལ་དྲག་པོ་བཏང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱ་སྤྱོད་དངོས་སྤྱད་དེ་ད་ལོའི་ལོ་མཇུག་གི་སྔོན་ལ་འཛམ་གླིང་ཡོངས་སུ་དམག་འཁྲུག་མཚམས་འཇོག་ཏུ་འཇུག་རྒྱུའི་འབོད་སྐུལ་གཏོང་རྒྱུ་ཡིན་ཟེར། ཁོས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་སུ་རྒྱལ་ཁབ་སོ་སོས་གོ་སྐབས་ཡོད་ཚད་དམ་འཛིན་བྱས་ཏེ། སེམས་ཤུགས་གཅིག་མཐུན་གྱིས་ཞི་བདེ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་འོས་པ་དང་། འདི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ནད་དུག་ལས་རྒྱལ་བའི་ཆེད་དུ་མཐུན་སྒྲིལ་དམ་པོ་ཡོང་བའི་གོ་སྐབས་ཡང་ཡིན་ཟེར།

པྲོག་གསར་ནད་དུག་གི་འགོག་ཁབ་ཀྱི་སྐོར་གླེང་སྐབས། ཀུའུ་ཐི་ལེ་སི་ཡིས་ནན་གྱིས་བསྟན་དོན། རིམས་ནད་ལ་འཆི་མེད་རིལ་བུ་ཞིག་ཡོད་མི་སྲིད་པས། འགོག་ཁབ་ཁོ་ནར་བརྟེན་ནས་དུས་ཡུན་ཐུང་ངུའི་ནད་ཉེན་ཚབས་ཐག་གཅོད་པར་རེ་སྒུག་བྱེད་མི་རུང་། རྒྱལ་ཁབ་སོ་སོས་ངེས་པར་དུ་ད་ཡོད་ཐབས་ལམ་རྒྱ་བསྐྱེད་པ་དང་། ཁ་གཏད་འཇལ་ཐབས་གསར་གཏོད་བྱས་ཏེ། ནད་དུག་འགོ་བར་ཚོད་འཛིན་དང་གཏན་ཁེལ་གྱི་ནད་པ་དྲག་སྐྱེད་འབྱུང་བར་བྱེད་དགོས། ཕྱོགས་གཞན་ནས་པྲོག་གསར་ནད་དུག་གི་འགོག་ཁབ་དེ་ཡང་ངེས་པར་དུ་འཛམ་གླིང་གི་སྤྱི་ཐུན་དངོས་རྫས་ཤིག་ཏུ་ངོས་འཛིན་དགོས་ཟེར། ཁོས་འགོག་ཁབ་དེ་མི་ཚང་མར་ཉོ་བའི་ཆ་རྐྱེན་ཡོད་དུ་འཇུག་རྒྱུ་མ་ཟད། སྟབས་བདེའི་ངང་འགོག་ཁབ་ཐོབ་ཏུ་འཇུག་དགོས། འདིའི་ཐད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་གཞིར་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས་ཟེར།

ལོ་ཙཱ་བ། ཕྱུག་ལོ།