འཇར་པན་དང་ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་མ་འོངས་པའི་ལོ་ལྔའི་རིང་གི་འཇར་པན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་བཅའ་སྡོད་གྲོན་དངུལ་གནད་དོན་ཐད་ནས་བྱ་བའི་གྲོས་མོལ་སྤེལ།
པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་འཇར་པན་དང་ཨ་མེ་རི་ཁའི་དམག་དོན་གྲོན་དངུལ་གནད་དོན་ཐད་ཀྱི་བྱ་བའི་གྲོས་མོལ་དེ་བརྙན་རིས་ཀྱི་རྣམ་པས་སྤེལ། འཇར་པན་གྱིས་ཟླ་བཅུ་གཉིས་པའི་སྔོན་དུ་ཉིས་སྟོང་ཉེར་གཅིག་ལོའི་སྔོན་རྩིས་སྒྲིག་བཟོ་བྱེད་དགོས་པས། འཇར་པན་ཕྱོགས་ཀྱིས་ཨ་མེ་རི་ཁའི་བར་དུས་ཡུན་ལོ་གཅིག་རིང་གི་གནས་སྐབས་གྲོས་མཐུན་ཇུས་གཞི་འགོད་པའི་སེམས་འདུན་ཡོད་པ་རེད། གྲོས་མོལ་གྱི་ནང་དོན་ལ་འཇར་པན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་རྟེན་གཞིའི་ཆུ་གློག་དང་རང་བྱུང་སོལ་རླངས་ཀྱི་གྲོན་དངུལ་དང་། ལས་བཟོ་བའི་ངལ་རྩོལ་གྲོན་དངུལ། སྦྱོང་བརྡར་བརྒྱུད་སྤོའི་གྲོན་དངུལ་བཅས་འདུ།
འཇར་པན་དང་ཨ་མེ་རི་ཁའི་སྲིད་གཞུང་གིས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པར་བཀོད་པའི་དམིགས་བསལ་གྲོས་ཆོད་ལྟར། ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་འཇར་པན་གྱིས་འཇར་པན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་གྲོན་དངུལ་བསྡོམས་པས་མེ་སྒོར་ཐེར་འབུམ་བརྒྱད་དང་དུང་ཕྱུར་དགུ་བྱེ་བ་བརྒྱད་ས་ཡ་དགུ་ཁུར་དུ་བླངས་ཡོད། གྲོས་ཆོད་དེ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་གསུམ་པའི་ཟླ་མཇུག་ལ་ཡུན་ཚད་ལོངས་པ་ཡིན་པས། རྒྱལ་ཁབ་གཉིས་ཀྱིས་གྲོས་ཆོད་གསར་བ་འགོད་དགོས།
འཇར་པན་ནེ་ཀིའི་མགྲིན་ཚབ་དཔོན་པོ་ཅཱ་ཐིན་ཧྲིན་ཞིན་གྱིས་ཚེས་བཅུ་དྲུག་ཉིན་བསྟན་དོན། འཇར་པན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་ནི་འཇར་པན་དང་ཨ་མེ་རི་ཁའི་བདེ་སྲུང་སྒྲིག་ལུགས་ཀྱི་སྙིང་བོ་ཡིན་པ་དང་། མ་འོངས་པའི་ལོ་ངོ་ལྔའི་དམག་དཔུང་བཅའ་སྡོད་གྲོན་དངུལ་གནད་དོན་ལ་འབྲེལ་ཡོད་པས། རྒྱལ་ཁབ་རང་གི་ཡ་ང་བའི་ནོར་སྲིད་གནས་བབ་ལ་གཞིགས་ནས་ཐག་གཅོད་འོས་འཚམ་བྱེད་དགོས་ཟེར།
ལོ་ཙཱ་བ། བསོད་ནམས་ཚེ་རིང་།