སི་རི་ཡཱ་ཡིས་རྒྱལ་སྤྱིའི་གྲོས་ཚོགས་བསྡུས་ཏེ་སི་རི་ཡཱའི་ཡུལ་གྱར་བའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད། 
2020.10.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

སི་རི་ཡཱའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་མུའུ་ཨ་ལེ་མུའུ་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། སི་རི་ཡཱ་ཡིས་ཟླ་བཅུ་གཅིག་པར་སི་རི་ཡཱའི་ཡུལ་གྱར་བར་འབྲེལ་བའི་རྒྱལ་སྤྱིའི་གྲོས་ཚོགས་བསྡུས་ཏེ། ཡུལ་གྱར་བ་དེ་དག་ཕྱིར་རྒྱལ་ནང་དུ་ལོག་པ་སོགས་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་ཐག་བཅད་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་པིས་ཏི་སིན་ཚེས་ཉེར་བཞིའི་ཉིན་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་རུ་ཡོང་ནས་འཚམས་འདྲི་བྱས། བསྒྲགས་པ་ལྟར་ན་མུའུ་ཨ་ལེ་མུའུ་ཡིས་ཉིན་དེར་ཏཱ་མཱ་ཧྲི་ཀི་ནས་པིས་ཏི་སིན་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། སི་རི་ཡཱའི་སྲིད་གཞུང་གིས་ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན་དང་ཚེས་བཅུ་གཉིས་ཉིན་སི་རི་ཡཱའི་ཡུལ་གྱར་བར་འབྲེལ་བའི་རྒྱལ་སྤྱིའི་གྲོས་ཚོགས་ཤིག་བསྡུ་རྒྱུ་ཐག་བཅད་ཡོད་ཟེར། ཁོས་གྲོས་ཚོགས་ལ་འབྲེལ་བའི་བྱེ་བྲག་གི་ནང་དོན་མཚམས་སྦྱོར་བྱས་པ་དང་། ནུབ་ཕྱོགས་རྒྱལ་ཁབ་དག་གིས་སི་རི་ཡཱའི་ཡུལ་གྱར་བ་ཕྱིར་རྒྱལ་ནང་དུ་ལོག་པར་བཀག་རྒྱ་བཟོས་པ་དང་མི་ཆོས་རིང་ལུགས་ཀྱི་གནད་དོན་དེ་ཆབ་སྲིད་ཅན་དུ་བསྒྱུར་བའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས། 

མུའུ་ཨ་ལེ་མུའུ་དང་གྲོས་མོལ་བྱས་རྗེས་པིས་ཏི་སིན་གྱིས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཕྱོགས་གཉིས་ཀྱིས་སི་རི་ཡའི་ཆབ་སྲིད་འཕེལ་རིམ་དང་འབྲེལ་བའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་ལྔ་བཞིར་ཕྱོགས་ཡོངས་ནས་གྲོས་བསྡུར་བྱས། ཁོས་ཐེངས་འདིའི་གྲོས་མོལ་དང་རྗེས་མཐུད་ཀྱི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་བར་གྱི་གྲོས་མོལ་དེ་འགོ་རྩོམ་ས་གསར་བ་ཞིག་ཏུ་འགྱུར་བར་རེ་བཞིན་ཡོད་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།