ཨུ་རུ་སི་དང་ཐུར་ཁེའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་སི་རི་ཡཱའི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 
2020.10.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་བདུན་ཉིན་དུས་བཅད་ལྟར་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་ལ་ཁ་པར་བཏང་སྟེ། སི་རི་ཡཱའི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་བ་ལྟར་ན། ཕུའུ་ཅིན་དང་ཨེ་ཨར་ཏའོ་ཨན་གྱིས་རྒྱལ་ཁབ་གཉིས་ཀྱི་སི་རི་ཡཱའི་གནད་དོན་ཐད་ནས་རོགས་ལས་བྱེད་པར་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ས་ཁུལ་དང་ཡུག་ཧྥ་ལཱ་ཏིས་གཙང་བོའི་ཤར་འགྲམ་ས་ཁུལ་གྱི་གནས་བབ་གཏན་འཇགས་ཡོང་བར་འབྲེལ་བའི་ད་ཡོད་ཀྱི་གྲོས་མཐུན་ལག་བསྟར་བྱེད་དགོས་པ་ནན་བཤད་བྱས། ཕྱོགས་གཉིས་ཀྱིས་ད་རུང་ཨ་སི་ཐཱ་ནཱའི་འཕེལ་རིམ་འོག ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ལི་པུ་ཡཱའི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ལི་པུ་ཡཱའི་གནས་བབ་རྒྱུན་ལྡན་ཅན་དུ་འགྱུར་བ་དང་ལི་པུ་ཡཱ་ནང་ཁུལ་གྱི་ཞི་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་བ་སོགས་འདུས། ཕྱོགས་གཉིས་ཀྱིས་ད་རུང་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་འཁྲུག་རྩོད་གནད་དོན་ལ་གྲོས་བསྡུར་བྱས། ཨུ་རུ་སིའི་ཕྱོགས་ཀྱིས་ས་ཁུལ་དེར་མུ་མཐུད་དུ་འཁྲུག་རྩོད་བྱུང་བ་དང་དབུས་ཤར་ས་ཁུལ་གྱི་འཇིགས་སྐུལ་ཉེས་ཅན་སྔར་ལས་མང་བོ་དོན་དེའི་ནང་ཞུགས་པར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པའི་ཚུལ་བསྟན། ཕུའུ་ཅིན་གྱིས་ཨེ་ཨར་ཏའོ་ཨན་ལ་ཨུ་རུ་སིའི་ཕྱོགས་ཀྱིས་ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་འདྲིས་གནས་ཚུལ་དང་། མྱུར་མོར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པ་དང་གནས་བབ་ཞི་འཇགས་སུ་གཏོང་བའི་ཐད་སྤྱད་པའི་བྱེད་ཐབས་སྙན་ཞུ་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ད་རུང་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་རྒྱལ་སྲུང་སོགས་སྡེ་ཁག་གིས་མུ་མཐུད་དུ་འབྲེལ་ཡོད་གནད་དོན་ཐད་ནས་མཐུན་སྦྱོར་བྱེད་པར་ཡིད་འཐད་བྱུང་། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།