མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་ཚེས་ཉེར་གསུམ་ཉིན་གསར་འགོད་པར་སྤྲིངས་པའི་འཕྲིན་ཡིག་ནང་བཤད་རྒྱུར། དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་སོ་ཐི་ཨ་རབ་ཀྱི་རྡོ་སྣུམ་སྒྲིག་ཆས་ལ་འཇབ་རྒོལ་ཐེབས་པའི་བྱ་བའི་ཐད་སེམས་ཁུར་བྱེད་ཀྱིན་ཡོད་པའི་ཚུལ་བསྟན་ཡོད་ཟེར།
ཀུའུ་ཐི་ལེ་སི་ཡིས་ནན་གྱིས་བསྟན་དོན། མི་སེར་དཀྱུས་མའི་དམིགས་འབེན་དང་རྨང་གཞི་སྒྲིག་ཆས་ལ་ཁ་གཏད་པའི་འཇབ་རྒོལ་དེ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་དང་འགལ་ཡོད་ཟེར། ཁོས་ཕྱོགས་སོ་སོས་ཚད་ཆེས་ཆེ་བའི་ཚོད་འཛིན་རྒྱུན་འཁྱོངས་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལག་བསྟར་བྱས་པའི་ཆབ་སྲིད་རྒྱུད་རིམ་ཁྲོད་ཞུགས་པ། གྲོས་མོལ་བརྒྱུད་དེ་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་བྱུང་བར་བྱས་ཏེ། འཁྲུག་རྩོད་མཇུག་བསྡུ་བ་དང་ཡེ་མིན་མི་དམངས་ཀྱི་དཀའ་སྡུག་སེལ་དགོས་པའི་འབོད་སྐུལ་བཏང་།
སོ་ཐི་ཨ་རབ་ཀྱི་འཕྲིན་གཏོང་ཁང་ནས་བསྒྲགས་པ་ལྟར་ན། སོ་ཐིའི་མཚོ་འགྲམ་གྲོང་ཁྱེར་ཅི་ཏའི་ཉེ་འགྲམ་གྱི་རྡོ་སྣུམ་སྒྲིག་ཆས་ལ་ས་དེའི་དུས་ཚོད་ཚེས་ཉེར་གསུམ་ཉིན་གྱི་དུས་ཚོད་གསུམ་དང་སྐར་མ་ལྔ་བཅུའི་སྟེང་འཇིགས་སྐུལ་པས་འཇབ་རྒོལ་ཐེབས་རྗེས་འབར་གཏོར་བྱུང་ན་ཡང་། མི་ལ་འཆི་རྨས་མ་བྱུང་། སོ་ཐི་རྒྱལ་ཁབ་ཀྱི་རྡོ་སྣུམ་ཀུང་ཟིའི་རྡོ་སྣུམ་མཁོ་འདོན་ལ་གནོད་ཐེབས་མེད་ཟེར།
དེ་ལས་གཞན་ཧུའུ་སའེ་དྲག་ཆས་ཀྱིས་ཚོད་འཛིན་བྱས་ཡོད་པའི་མ་ཞི་ལ་བརྙན་འཕྲིན་ཁང་གིས་ཉིན་དེར་བསྒྲགས་པའི་གནས་ཚུལ་ལྟར་ན། ཧུའུ་སའེ་དྲག་ཆས་ཀྱིས་སོ་ཐི་ཡི་ཅི་ཏ་གྲོང་ཁྱེར་ཉེ་འགྲམ་གྱི་རྡོ་སྣུམ་སྒྲིག་ཆས་ཆེ་ཤས་ཞིག་ལ་འཕུར་མདས་བརྒྱབ། དྲག་ཆས་མགྲིན་ཚབ་པ་ཡེ་ཧའེ་ཡ.ས་ལིས་ཡ་ཡིས་བཤད་རྒྱུར། ཐེངས་འདིའི་འཇབ་རྒོལ་གྱི་དམིགས་འབེན་ནི་སོ་ཐིའི་ཨ་མེ་ཀུང་ཟིའི་ཅི་ཏ་རུ་ཡོད་པའི་རྡོ་སྣུམ་མཁོ་འདོན་སྒྲིག་ཆས་ཡིན་ལ། དམིགས་འབེན་ནི་སོ་ཐི་ཡིས་འགོ་ཁྲིད་པའི་རྒྱལ་ཁབ་མང་པོའི་དམག་དཔུང་གིས་ཡེ་མིན་ལ་བཀག་སྡོམ་བྱས་པར་ཕྱིར་ལན་སློག་པ་ཡིན་ཟེར།
ལོ་ཙཱ་བ། རིན་ཆེན་མཚོ།