ཡོ་རོབ་གྲོས་ཁང་གིས་ཐུར་ཁེའི་དམག་དོན་མི་སྣ་སེབ་རུ་སི་ནས་ཕྱིར་འཐེན་བྱེད་དགོས་པའི་བླང་བྱ་བཏོན།
2020.11.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 43

ཡོ་རོབ་གླིང་གྲོས་ཁང་གིས་ཚེས་ཉེར་དྲུག་ཉིན་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། ཐུར་ཁེས་སེབ་རུ་སི་ནས་དམག་དོན་འབྲེལ་ཡོད་ཀྱི་མི་སྣ་ཕྱིར་འཐེན་བྱེད་དགོས་པའི་བླང་བྱ་བཏོན་པར་མ་ཟད། སེབ་རུ་སིའི་བྱང་རྒྱུད་ཀྱི་ཝ་ལུའོ་ཧྲ་གྲོང་རྡལ་བསྐྱར་དུ་སྒོ་འབྱེད་ཀྱི་གཏན་འབེབས་མེད་པར་བཟོ་དགོས་པའི་བླང་བྱ་བཏོན།

གྲོས་ཆོད་ནང་ཐུར་ཁེའི་ཉེ་ལམ་སྤེལ་བའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་། ཐུར་ཁེ་ཕྱོགས་ལ་བཀག་སྡོམ་ནན་པོ་བྱ་རྒྱུའི་ཐ་ཚིག་བསྒྲགས། གྲོས་ཆོད་ནང་ད་དུང་ཝ་ལུའོ་ཧྲ་ཡིས་ཁྲིམས་མཐུན་གྱི་གྲོང་མི་ཕྱིར་སྤྲོད་དགོས་པར་སྐུལ་ཡོད།  ཁྲིམས་མཐུན་གྱི་ཡུལ་མི་ལས་གཞན། ཐུར་ཁེ་ཕྱོགས་ཀྱིས་ཝ་ལུའོ་ཧྲ་ནས་གནས་སྤོར་ཡུལ་མིའི་སྦྱོར་བ་སྤེལ་མི་ཆོག་པ་དང་། ཁྲིམས་མཐུན་ཡུལ་མི་ལས་གཞན་གྱི་གནས་སྤོར་ཡུལ་མི་ཚང་མ་ཁྲིམས་འགལ་ཡིན།

ཡོ་རོབ་གླིང་གྲོས་ཁང་གིས་ཝ་ལུའོ་ཧྲ་གྲོང་རྡལ་བསྐྱར་དུ་སྒོ་འབྱེད་བྱས་པ་དེས་གྲོང་རྡལ་དེའི་གནས་བབ་ལ་འགྱུར་ལྡོག་གཏོང་སྲིད་པར་མ་ཟད། སྔོན་ཆད་ཀྱི་ཡུལ་མི་ཕྱིར་རང་ཡུལ་དུ་ལོག་རྒྱུར་འགལ་རྐྱེན་ཅི་རིགས་བཟོ་ངེས་པར་སེམས་ཁྲལ་བྱེད་ཀྱིན་ཡོད། ཡོ་རོབ་གྲོས་ཁང་གི་ཕྱི་འབྲེལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཏའེ་ཝུའེ·མའེ་ཁ་ལི་སི་ཐེ་ཡིས་ཐུར་ཁེའི་བྱེད་སྟངས་དང་ལེན་བྱེད་ཐབས་བྲལ་ཟེར།

ཝ་ལུའོ་ཧྲ་ནི་སེབ་རུ་སི་བྱང་ཕྱོགས་ཀྱི་ཧྥ་མ་ཀུའུ་ཟི་ཐ་གྲོང་ཁྱེར་དུ་ཡོད་ཅིང་། དེ་ནི་གུང་གསེང་གཏོང་སའི་གནས་མཆོག་ཅིག་ཡིན། ཐུར་ཁེས་གཅིག་དགུ་དོན་བཞི་ལོར་དམག་དྲངས་ནས་ཝ་ལོ་ཧྲ་བཙན་བཟུང་བྱས་རྗེས། སྔར་ཡོད་ཀྱི་གྲོང་མི་ཕྱི་ཕྱོགས་སུ་བྲོས་བྱོལ་དུ་སོང་བར་བརྟེན། ཝ་ལོ་ཧྲ་མི་མེད་ཐང་རྒོད་ལྟ་བུར་གྱུར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གཅིག་དགུ་གྱ་བཞི་ལོའི་ཟླ་ལྔ་བར་གྲོས་ཆོད་ཨང་ལྔ་བརྒྱ་ལྔ་བཅུ་པར་གྲོས་འཆམ་བྱུང་བ་བརྒྱུད་དེ། དེང་མའི་ཡུལ་མི་ཕུད་ཕྱི་ཡོང་གི་མི་གཞན་དག་ཝ་ལུའོ་ཧྲ་རུ་གནས་སྤོ་བྱས་མི་ཆོག་པ་དང་། ཝ་ལུའོ་ཧྲ་མཉམ་འབྲེལ་རྒྱལ་ཚོགས་ལ་དོ་དམ་བྱ་རྒྱུར་རྩིས་སྤྲོད་བྱེད་དགོས་པའི་འབོད་སྐུལ་བྱས་མྱོང་།

ལོ་ཙཱ་བ། བན་དེ་སྐྱབས།