ཝུན་ཙེ་དབྱིན་གྱིས་ཁྲའོ་ཞན་དང་ཨ་མེ་རི་ཁ། ཧན་གོ་དང་ཁྲའོ་ཞན་གྱི་གྲོས་མོལ་སླར་གསོ་འབྱུང་བར་མཇུག་མཐའི་འབད་འབུངས་བྱེད་རྒྱུའི་ཚུལ་བསྟན།
2021.01.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་གྱིས་ཚེས་བཅུ་གཅིག་ཉིན་ཆིན་ཝ་ཐེ་ནས་བསྟན་དོན། ཨ་མེ་རི་ཁའི་སྐབས་གསར་བའི་སྲིད་གཞུང་གིས་མི་འགྱངས་པར་ལས་འགན་ཁུར་རྒྱུ་ཡིན་པ་དང་། ཧན་གོའི་སྲིད་གཞུང་གིས་ཧན་གོ་དང་ཨ་མེ་རི་ཁའི་མནའ་མཐུན་ལ་ཤུགས་སྣོན་པའི་ཞོར་དུ། མཚམས་བཞག་པའི་ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་དང་། ཧན་གོ་དང་ཁྲའོ་ཞན་གྱི་གྲོས་མོལ་སླར་གསོ་བྱེད་པར་མཇུག་མཐའི་སྟོབས་ཤུགས་འདོན་རྒྱུ་ཡིན། 

ཝུན་ཙེ་དབྱིན་གྱིས་ཉིན་དེར་ཉིས་སྟོང་ཉེར་གཅིག་ལོའི་ལོ་གསར་ཤིག་ཚིག་འབུལ་སྐབས་བཤད་རྒྱུར། ད་ལོ་ནི་ཧན་གོ་དང་ཁྲའོ་ཞན་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུགས་ནས་ལོ་ངོ་སུམ་ཅུ་འགོར་བའི་ལོ་ཡིན་ཞིང་། ཧན་གོ་དང་ཁྲའོ་ཞན་གྱིས་ལག་རྡང་སྦྲེལ་ནས་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་དང་དར་རྒྱས་དེ་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པ་བདེན་དཔང་བྱེད་དགོས། བུ་རབས་ཚ་རྒྱུད་ཀྱི་ཆེད་དུ་འཐབ་འཁྲུག་དང་ཉིང་རྡུལ་མཚོན་ཆ་མེད་པའི་ཞི་བདེའི་ཁྲའོ་ཞན་ཕྱེད་གླིང་ཞིག་འཛུགས་སྐྲུན་བྱེད་པ་ནི་ང་ཚོའི་འོས་འགན་ཡིན། 

ཝུན་ཙེ་དབྱིན་གྱིས་བཤད་རྒྱུར། ཧན་གོ་དང་ཁྲའོ་ཞན་གྱི་མཉམ་ལས་ལས་གནད་དོན་མང་པོ་མངོན་འགྱུར་བྱེད་ཐུབ། ཧན་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱི་རྒྱལ་དམངས་ཀྱི་འཚོ་སྡོད་དང་བདེ་འཇགས་ཀྱི་ཆེད་དུ། མཉམ་ལས་བྱེད་ཐུབ་པའི་ཇུས་གཞི་འཚོལ་ཞིབ་བྱེད་དགོས། པྲོག་གསར་གློ་ཚད་རིམས་ནད་ཐག་གཅོད་བྱེད་ཆེད་ཧན་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་མཉམ་དུ་ཨེ་ཤ་ཡཱའི་བྱང་ཤར་གྱི་རིམས་འགོག་འཕྲོད་བསྟེན་མཉམ་ལས་དང་། ཧན་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འཕྲོད་བསྟེན་སྨན་བཅོས་མཉམ་ལས་སོགས་ས་ཁོངས་ཀྱི་གྲོས་མོལ་ནང་ཞུགས་དགོས། ཧན་གོ་དང་ཁྲའོ་ཞན་གྱི་མཉམ་ལས་དེ་སྒོ་ཕྱུགས་ཀྱི་འགོ་ནད་དང་རང་བྱུང་གནོད་འཚེ་སྔོན་འགོག་བྱེད་པའི་ཁྱབ་ཁོངས་སུ་རྒྱུན་བསྲིང་ཆོག

ཝུན་ཙེ་དབྱིན་གྱིས་ད་རུང་ནན་གྱིས་བསྟན་དོན། ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེའི་འཕེལ་རིམ་གྱི་སྒུལ་ཤུགས་གཙོ་བོ་ནི་གྲོས་མོལ་དང་མཉམ་ལས་ཡིན། ཧན་གོ་དང་ཁྲའོ་ཞན་གཉིས་ཀྱིས་ཡུལ་དུས་གང་རུང་ནས་གྲོས་མོལ་བྱས་ཆོག་པ་དང་། དངོས་གཞི་མིན་པའི་གྲོས་མོལ་སྤེལ་ཡང་ཆོག ང་ཚོའི་དེའི་ཐད་ཀྱི་སེམས་འདུན་ལ་འགྱུར་ལྡོག་བྱུང་མེད་ཟེར།  


ལོ་ཙཱ་བ། བསོད་ནམས་ཚེ་རིང་།