མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཅི་ཐུའུ་དབྱེ་ཡིས་སྔ་སྣུར་གྱིས་ལས་འགན་བསྐྱུར་རྒྱུ་ཁྱབ་སྒྲོག་བྱས། 
2021.01.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 49

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱིས་ཚེས་བཅོ་ལྔ་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཅི་ཐུའུ་དབྱེ་ཡིས་ཉིན་དེར་ཁྱབ་སྒྲོག་བྱས་དོན། ཁོས་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་སྔ་སྣུར་གྱིས་ལས་འགན་བསྐྱུར་རྒྱུ་ཡིན་ཟེར། 

སྤྱི་སྒྲོག་ལས་ཅི་ཐུའུ་དབྱེ་ཡིས་སྔ་སྣུར་གྱིས་ལས་འགན་བསྐྱུར་བར་ཐག་བཅད་པའི་རྒྱུ་རྐྱེན་གླེང་མེད། 

ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་གཞུང་ཕྱོགས་དྲ་བའི་རྒྱུ་ཆ་ལྟར་ན། ཅི་ཐུའུ་དབྱེ་ནི་ཁུན་ནེ་ཡཱ་ནས་ཡོང་བ་དང་། སྔོན་ཆད་ཁུན་ནེ་ཡཱའི་ཉོ་ཚོང་དང་བཟོ་ལས་པུའུ་ཀྲང་གི་འགན་ཁུར་མྱོང་། ཉིས་སྟོང་བཅུ་གསུམ་ལོའི་ཟླ་དགུ་བར་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཨང་བདུན་པར་གྱུར་བར་མ་ཟད། ཉིས་སྟོང་བཅུ་བདུན་ལོར་ཡང་བསྐྱར་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་འཇོག་བྱས་པ་རེད། 

ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་གསར་འགྱུར་དཔོན་པོ་ཁའེ་སི་ལིན་ཡུས་སུའུ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། མིག་སྔར་ཅི་ཐུའུ་དབྱེ་ཡི་འགན་ཡུན་སྐོར་ཐེངས་གཉིས་པ་ཡིན་པ་དང་། འགན་ཡུན་འདི་ཉིས་སྟོང་ཉེར་གཅིག་ལོའི་ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན་མཇུག་སྒྲིལ་བ་ཡིན། ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། ཟླ་གཉིས་པའི་ཟླ་མགོར་དྲུང་ཡིག་ཆེན་མོ་གསར་བའི་འདེམ་བསྐོའི་ལས་རིམ་མགོ་རྩོམ་རྒྱུ་ཡིན་པ་དང་། མཇུག་མཐའི་འདེམ་སྒུག་མི་སྣ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་སྤྲད་དེ་འདེམ་ཤོག་འཕངས་ནས་བརྡས་ཐག་གཅོད་དུ་འཇུག་དགོས། གལ་ཏེ་འདེམ་སྒུག་མི་སྣར་གྲོས་འཆམ་བྱུང་ན། ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གསར་བས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་དགུ་བའི་ཚེས་གཅིག་ཉིན་ནས་དངོས་སུ་ལས་འགན་ཁུར་ངེས་རེད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉོ་ཚོང་དང་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པའི་རྒྱུན་བཙུགས་ལས་ཁུངས་ཤིག་ཡིན་པ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འདོད་བློ་བཏོན་ནས་གཅིག་སྟོང་དགུ་བརྒྱ་རེ་བཞིའི་ལོར་བཙུགས་པ་རེད། ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་ཀྱི་དམིགས་ཡུལ་ནི་ཚད་ཆེན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཉོ་ཚོང་དང་དངུལ་གཏོང་གོ་སྐབས་ལ་སྐུལ་འདེད་གཏོང་བ་དང་། ཁོ་ཚོས་འཛམ་གླིང་ཡོངས་ཅན་ལས་བྱུང་བའི་འགྲན་རྩོད་ཐག་གཅོད་བྱེད་པ་དང་འདྲ་མཉམ་གྱི་རྨང་གཞིའི་སྟེང་འཛམ་གླིང་གི་དཔལ་འབྱོར་ནང་ཞུགས་པར་རོགས་རམ་བྱེད་པ་དེ་ཡིན། ཉོ་ཚོང་དང་འཕེལ་རྒྱས་གྲོས་ཚོགས་བཙུགས་པའི་ཚུན་ལ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བཏང་བ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མོལ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།