ལཱ་ཧྲི་ཐི་འཇར་མན་སྲིད་འཛིན་ཏང་གི་ཀྲུའུ་ཞིར་བདམས། 
2021.01.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

འཇར་མན་སྲིད་འཛིན་ཏང་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་གྱིས་ཚེས་བཅུ་དྲུག་ཉིན་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ། ལོ་ང་དགུ་ཡིན་པའི་ལའེ་དབྱིན་བྱང་མའི་ཝེ་སི་ཐི་ཧྥ་ལོན་ཀྲིག་གི་ཀྲིག་ཀྲང་ལཱ་ཧྲི་ཐི་ཏང་གི་ཀྲུའུ་ཞིར་བདམས་པ་རེད། 

རིམས་ནད་དབང་གིས་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཚེས་བཅོ་ལྔ་ཉིན་དང་ཚེས་བཅུ་དྲུག་ཉིན་བར་སྐུད་ཐོག་ནས་སྤེལ། ཐེངས་འདིའི་གྲོས་ཚོགས་ཀྱི་ཆེས་གལ་ཆེ་བའི་གྲོས་རིམ་ནི་ཏང་གི་ཀྲུའུ་ཞི་གསར་བ་བདམས་ཐོན་བྱེད་པ་དེ་རེད། འདེམ་སྒུག་མི་སྣར་ལཱ་ཧྲི་ཐི་དང་སྔོན་ཆད་ཀྱི་མནའ་འབྲེལ་ཏང་གྲོས་ཁང་ཏང་ཁག་གི་ཀྲུའུ་ཞི་མའོ་ཚི་དང་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལེ་ཐི་ཀིན་བཅས་འདུས། 

ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། འདེམ་སྒུག་མི་སྣ་གསུམ་གྱིས་གཏམ་བཤད་སྤེལ་རྗེས། ཚོགས་ཞུགས་ཀྱི་ཏང་གི་འཐུས་མི་སྟོང་གཅིག་དང་གཅིག་གིས་སྐུད་ཐོག་ནས་འདེམ་ཤོག་འཕེན་མགོ་བརྩམས། སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད། ལེ་ཐི་ཀིན་བར་ཁྱད་ཅུང་ཆེན་པོས་རྗེས་སུ་ལུས་པ་དང་། སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད། ལཱ་ཧྲི་ཐི་དང་མའོ་ཚི་གཉིས་ལ་སོ་སོར་འདེམ་ཤོག་ལྔ་བརྒྱ་དང་ཉེར་གཅིག་དང་བཞི་བརྒྱ་དང་རེ་དྲུག་ཐོབ་ཡོད་པས། ལཱ་ཧྲི་ཐི་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་ཏང་གི་ཀྲུའུ་ཞི་གསར་བར་གྱུར་བ་རེད། 

འཇར་མན་གླེང་ཕྱོགས་ཀྱིས་བལྟས་ན། ཕུན་སུམ་ཚོགས་པའི་ཆབ་སྲིད་ཉམས་མྱོང་ནི་ལཱ་ཧྲི་ཐི་བདམས་ཐོན་བྱས་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་འདོད། འདེམ་བསྐོའི་སྔོན་ལ་དམངས་ཀྱི་བསམ་འཆར་ལ་རྟོག་ཞིབ་བྱས་པ་ལྟར་ན། ལཱ་ཧྲི་ཐི་ལ་ཆབ་སྲིད་ལས་རིགས་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད། ལཱ་ཧྲི་ཐི་དང་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་གྱི་སྔོན་ཆད་ཀྱི་ཀྲུའུ་ཞི། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱི་ཆབ་སྲིད་ལངས་ཕྱོགས་ལ་ཁྱད་པར་ཆེན་པོ་མེད་པ་རེད། ཁོས་སྔོན་ཆད་བསྟན་དོན། ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་གྱི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་སྲུང་འཛིན་བྱེད་པ་དང་། གྲངས་ལྡན་ཅན་དང་ནུས་ཁུངས་རིམ་འཕར། སྤྱི་ཚོགས་འདྲ་མཉམ་སོགས་ཀྱི་ཐད་ནས་བྱ་བ་མང་དུ་སྤེལ་དགོས་ཡོད་ཟེར། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།