མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་བཟོ་སྐྲུན་ནུས་པར་ཤུགས་སྣོན་པ་དེ་རྒྱུན་མཐུད་འཕེལ་རྒྱས་ལ་གལ་འགངས་ཧ་ཅང་ཆེ་བར་བསྟན།
2021.03.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 44

མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཚེས་བཞི་ཉིན་སྐུད་ཐོག་ནས་ཉིས་སྟོང་ཉེར་གཅིག་ལོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཛམ་གླིང་བཟོ་སྐྲུན་ཉིན་མོའི་དགའ་སྟོན་བྱ་འགུལ་སྤེལ་བར་མ་ཟད་སྙན་ཞུ་སྤེལ། སྙན་ཞུ་ལས་བལྟས་ན། བཟོ་སྐྲུན་ནུས་པར་ཤུགས་སྣོན་པ་དེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་གལ་འགངས་ཧ་ཅང་ཆེ་བར་འདོད། 

སྙན་ཞུ་ལས་བསྟན་དོན། བཟོ་སྐྲུན་ནུས་པ་མཐོར་འདེགས་དང་བཟོ་སྐྲུན་སློབ་གསོ་ལེགས་བཅོས། བཟོ་སྐྲུན་གསར་གཏོད་ལ་ཤུགས་སྣོན་བཅས་བྱས་ཏེ། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར། སྙན་ཞུ་ལས་བཟོ་ལས་གསར་བརྗེ་ཐེངས་བཞི་བའི་འོག་གི་འཛམ་གླིང་ཡོངས་ཀྱི་ས་ཁོངས་སོ་སོའི་བཟོ་སྐྲུན་འཕེལ་རྒྱས་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་། འཛམ་གླིང་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ཀྱིས་ལག་རྡང་སྦྲེལ་ནས་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱས་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མྱུར་དུ་མངོན་འགྱུར་བྱེད་པར་སྐུལ་མ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙུའུ་ལའེ་ཡིས་བྱ་འགུལ་སྟེང་བསྟན་དོན། བཟོ་སྐྲུན་གྱིས་གསར་སྤེལ་རང་བཞིན་གྱི་གསར་གཏོད་བྱེད་པ་དང་། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པ། རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད་ཟེར། 

འཛམ་གླིང་བཟོ་སྐྲུན་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀུང་ཁི་ཡིས་བཤད་རྒྱུར། བཟོ་སྐྲུན་ལ་གསར་བརྗེ་རང་བཞིན་གྱི་འཕེལ་རྒྱས་འབྱུང་དགོས་པ་དང་། རིག་ཚན་དང་སྡེ་ཁག་བརྒལ་བའི་རྒྱལ་སྤྱིའི་མཉམ་ལས་མཁོ་བ་ཡིན། རྒྱལ་ཁབ་སོ་སོ་དང་ཁྱད་པར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་བཟོ་སྐྲུན་གསར་གཏོད་ནུས་པར་ཤུགས་སྣོན་བྱས་ནས། མིའི་རིགས་དང་སའི་གོ་ལའི་རྒྱུན་མཐུད་ཀྱི་མ་འོངས་པ་བསྐྲུན་པར་རོགས་རམ་བྱེད་དགོས་ཟེར། 

ཚེས་བཞི་ཉིན་ནི་འཛམ་གླིང་གི་བཟོ་སྐྲུན་ཉིན་མོང་ཐེངས་གཉིས་པ་ཡིན་ཞིང་། ད་ལོའི་བརྗོད་སྙིང་ནི་བཟོ་སྐྲུན་ནི་བདེ་ཐང་གི་སའི་གོ་ལའི་ཆེད་དུ་ཡིན་ཞེས་པ་དེ་ཡིན་ལ། དམིགས་ཡུལ་ནི་བཟོ་སྐྲུན་གྱི་དེང་སྐབས་འཛམ་གླིང་གི་བྱས་རྗེས་མངོན་པར་མཚོན་པ་དང་། མི་རྣམས་ཀྱི་བཟོ་སྐྲུན་གྱིས་མིའི་རིགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པ་དང་། རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐད་ཀྱི་ནུས་པ་གལ་ཆེན་གྱི་ངོས་འཛིན་ཇེ་མཐོར་གཏོང་བའི་ཆེད་དུ་ཡིན། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།