མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནག་ཉེས་སྔོན་འགོག་དང་ཉེས་དོན་ཁྲིམས་འཛིན་ཚོགས་ཆེན་སྐབས་བཅུ་བཞི་པ་འཇར་པན་ནས་འཚོགས་མགོ་བརྩམས།
2021.03.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནག་ཉེས་སྔོན་འགོག་དང་ཉེས་དོན་ཁྲིམས་འཛིན་ཚོགས་ཆེན་སྐབས་བཅུ་བཞི་བ་ཚེས་བདུན་ཉིན་འཇར་པན་གྱི་ཏུང་ཅིན་ནས་འཚོགས་མགོ་བརྩམས་པར་མ་ཟད། རྒྱལ་སྤྱིའི་ནག་ཉེས་སྔོན་འགོག་གི་མཉམ་ལས་ལ་ཤུགས་སྣོན་པ་ནང་དོན་གཙོ་བོ་ཡིན་པའི་ཅིན་ཏུའུ་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་། 

སྐབས་འདིའི་ཚོགས་ཆེན་ནི་འཇར་པན་གྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་འོག་སྤེལ་བའི་རྒྱལ་སྤྱིའི་གྲོས་ཚོགས་ཐོག་མ་ཡིན་པ་དང་ཚོགས་ཡུན་ཉིན་དྲུག་རེད། སྐུད་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་ཐབས་ལ་བརྟེན་ནས་སྤེལ་རྒྱུ་ཡིན་ལ། བསྡོམས་པས་རྒྱལ་ཁབ་བརྒྱ་དང་ང་གཉིས་ཞུགས་ཡོད། དེའི་ནང་རྒྱལ་ཁབ་བཅུ་གསུམ་གྱི་འཐུས་མི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་པ་བཅས་བསྡོམས་པས་མི་བརྒྱ་དང་དྲུག་ཅུར་འཇར་པན་དུ་ཡོང་ཆོག་པའི་དམིགས་བསལ་ཆོག་མཆན་ཐོབ་ནས་ཡུལ་དངོས་ཚོགས་འདུར་ཞུགས་ཡོད། 

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱེ་ཝེ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབ་འོག་གི་ནག་ཉེས་སྔོན་འགོག་བྱེད་པའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་སྐུད་ཐོག་ནས་གཏམ་བཤད་སྤེལ་སྐབས་ནན་གྱིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཀྱིས་ནག་ཉེས་བཟོ་མཁན་ལ་གོ་སྐབས་གསར་བ་འདོན་སྤྲོད་བྱས་ཡོད་པས། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་ཐེངས་འདིའི་གྲོས་ཚོགས་གོ་སྐབས་སུ་བྱས་ཏེ་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དགོས་པའི་རེ་བ་བཏོན། 

འཇར་པན་གྱི་ཁྲིམས་དོན་བློན་ཆེན་ཧྲང་ཁྲོན་དབྱང་ཙི་ཐེངས་འདིའི་གྲོས་ཚོགས་ཀྱི་ཀྲུའུ་ཞིར་བདམས་པ་དང་། དེའི་རྗེས་སུ་གྲོས་ཚོགས་ནས་ཅིན་ཏུའུ་བསྒྲགས་གཏམ་ལ་གྲོས་མཐུན་བཀོད་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་འགྲུབ་ཆེད་ཁྲིམས་བཅད་དུས་ཡུན་ལོངས་ནས་ཕྱིར་བཏང་བའི་མི་སྣ་ཡང་བསྐྱར་སྤྱི་ཚོགས་སུ་ལོག་པར་རོགས་རམ་བྱེད་པ་སོགས་ནག་ཉེས་སྔོན་འགོག་ཁྱབ་ཁོངས་ནས་བྱ་བར་སྐུལ་འདེད་གཏོང་བའི་བྱེད་ཕྱོགས་བཏོན། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནག་ཉེས་སྔོན་འགོག་དང་ཉེས་དོན་ཁྲིམས་འཛིན་ཚོགས་ཆེན་ལོ་ལྔའི་ནང་ཐེངས་རེར་སྤེལ་བཞིན་ཡོད་པ་དང་། ནག་ཉེས་སྔོན་འགོག་དང་ཉེས་དོན་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་ཆེས་ཆེ་བའི་རྒྱལ་སྤྱིའི་གྲོས་ཚོགས་ཡིན་པ་རེད། སྐབས་འདིའི་ཚོགས་ཆེན་དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཞི་བར་སྤེལ་རྒྱུ་ཐག་བཅད་ཡོད་ཀྱང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་རྗེས་སུ་སྣུར་བ་རེད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།