དབྱི་རག་གི་རྒྱལ་ས་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར། 
2021.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། མི་མང་བོ་དབྱི་རག་གི་པཱ་ཀ་ཏཱའི་ཤར་ངོས་ཀྱི་སཱ་ཏི་ཨར་མཁར་གྱི་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་འདུས་ཡོད་པ། 

ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། དབྱི་རག་གི་པཱ་ཀ་ཏཱའི་ཤར་ངོས་ཀྱི་སཱ་ཏི་ཨར་མཁར་ནས། སྐྱེས་པ་ཞིག་གིས་འགས་གཏོར་ཐེབས་པའི་རང་ཉིད་ཀྱི་རླངས་འཁོར་ལ་བལྟས་འདུག 

དབྱི་རག་ནང་སྲིད་པུའུ་ཡི་དཔོན་རིགས་ཀྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་རུ་ཉིན་དེའི་ཕྱི་དྲོར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་ཉེར་གཅིག་ལ་རྨས་ཕོག་ཡོད་ཟེར། 

དབྱི་རག་ནང་སྲིད་པུའུ་ཡི་མིང་བཤད་མི་འདོད་པའི་དཔོན་པོ་ཞིག་གིས་ཉིན་དེར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སའི་གནས་ནི་པཱ་ཀ་ཏཱའི་ཤར་མཐའི་སཱ་ཏི་ཨར་མཁར་གྱི་མི་མང་བོ་འདུས་སའི་ཚོང་ར་ཞིག་གི་ཉེ་འདབས་ཡིན་པ་དང་། འགས་གཏོར་དོན་རྐྱེན་ལས་ཉེ་འཁོར་གྱི་ཚོང་ཁང་དང་རླངས་འཁོར་སོགས་ལའང་ཚད་མི་འདྲ་བའི་གཏོར་བརླག་ཐེབས་ཡོད། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།