འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྔོན་དཔག་བྱས་པ་ལྟར་ན་མ་འོངས་པའི་གཟའ་འཁོར་གཉིས་ཀྱི་ནང་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཉིས་ལས་བརྒལ་རྒྱུ་རེད་ཟེར།
2021.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་སུམ་ཅུ་ཉིན་བསྟན་དོན། འདས་པའི་གཟའ་འཁོར་གཅིག་གི་རིང་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་ས་ཡ་བཞི་ལ་ཉེ་བ་དང་། མིག་སྔའི་མཆེད་ཕྱོགས་ལྟར་སྔོན་དཔག་བྱས་ན་མ་འོངས་པའི་གཟའ་འཁོར་གཉིས་ཀྱི་ནང་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་དུང་ཕྱུར་གཉིས་ལས་བརྒལ་རྒྱུ་རེད་ཟེར།

ཐན་ཏི་སེ་ཡིས་ཉིན་དེར་རི་ནེ་ཝ་རུ་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་དོན། འདས་པའི་གཟའ་འཁོར་བཞིའི་རིང་ལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁག་བགོས་བྱས་པའི་འཛམ་གླིང་གི་ཁུལ་ཁོངས་དྲུག་གི་ཁྲོད་ཀྱི་ཁུལ་ཁོངས་ལྔ་རུ་པྲོག་གསར་གློ་ཚད་རིམས་ནད་འཕར་ཚད་བརྒྱ་ཆའི་བརྒྱད་ཅུར་སླེབས་པ་དང་། དེ་དང་དུས་མཚུངས་ཀྱི་ཨ་ཧྥེ་རི་ཁ་གླིང་ས་ཁུལ་དུ་ཚེ་འདས་ནད་པའི་ཚད་བརྒྱ་ཆའི་བརྒྱད་ཅུར་སླེབས།

ཐན་ཏི་སེ་ཡིས་བསྟན་དོན། ནད་པའི་ཁ་གྲངས་དང་ཚེ་འདས་ནད་པའི་ཁ་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཚད་ངོས་ཅན་གྱི་སྟེང་ནས་བཤད་ན་དེ་ནི་འགོས་ཚད་མྱུར་བའི་འགྱུར་བའི་རང་བཞིན་གྱི་ནད་དུག་གིས་བསྐྱེད་པ་རེད། དེ་མིན། འགུལ་སྐྱོད་མི་གྲངས་ཇེ་མང་དུ་འགྲོ་བ་དང་སྔ་གཞུག་གི་འགོག་སྡོམ་དམ་ལྷོད་ཡོད་པ། འགོག་སྨན་དབྱེ་བགོས་བྱས་པ་ཆ་མི་སྙོམས་པ་སོགས་ཀྱང་རིམས་ནད་གནས་བབ་ཛ་དྲག་ཏུ་ཕྱིན་པའི་རྒྱུ་རྐྱེན་རེད་ཟེར།

མི་ཕམ་མགོན་པོས་བསྒྱུར།