དབྱི་ལིང་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དངོས་འབེབ་བྱེད་པར་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན། 
2021.10.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་པཱ་ཀའེ་ལི་ཡིས་ཚེས་ཉེར་དགུའི་ཉིན་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁོ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ལ་གྲོས་མོལ་བྱས་ཏེ། མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕྱོགས་ཡོངས་ཀྱི་འགུལ་སྐྱོད་འཆར་གཞི་དངོས་འབེབ་བྱེད་པར་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན། 

གསལ་སྒྲོག་ལས་བཤད་རྒྱུར། འབྲེལ་ཡོད་ཕྱོགས་སོ་སོས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་བྱས་ཏེ་གཏན་འཇགས་ངང་དངོས་འབེབ་བྱེད་པར་འབད་འབུངས་བྱེད་བཞིན་ཡོད། ཨུ་རུ་སི་དང་དབྱི་ལིང་གིས་གྲོས་མོལ་བྱེད་སྐབས་གཙོ་བོ་དེའི་མདུན་ལྗོངས་ལ་གྲོས་མོལ་བྱས་པ་དང་། མུ་མཐུད་དུ་འབྲེལ་ཡོད་བྱ་བར་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན། གཞན་ཡང་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་སྐོར་ཐེངས་གསར་བའི་གྲོས་མོལ་དེ་ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་བ་དང་འབྲེལ་ཡོད་ཕྱོགས་ཀྱིས་ཆིངས་ཡིག་སླར་གསོ་བྱས་ན་ད་གཟོད་ལེགས་འགྲུབ་བྱུང་བ་ཡིན་པ་བསྐྱར་སྒྲོག་བྱས། པཱ་ཀའེ་ལི་ཡིས་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱིས་རང་རང་གི་དམ་བཅའ་ལག་བསྟར་བྱས་ཏེ། དབྱི་ལིང་གི་ཁྲིམས་འགལ་བཀག་སྡོམ་མེད་པར་གཏོང་བར་འབད་དགོས་ཟེར། 

པཱ་ཀའེ་ལི་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་མའོ་སི་ཁོ་རུ་འབྱོར་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་བཀོད་པའི་རྒྱལ་ཁབ་དག་གི་བར་སོ་སོར་གྲོས་མོལ་བྱས་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གྲོས་མོལ་ཐད་ནས་ལྟ་ཚུལ་བརྗེ་རེས་བྱེད་རྒྱུ་ཡིན་ཟེར། སྐོར་ཐེངས་གསར་བའི་གྲོས་མོལ་གྱི་དམིགས་ཡུལ་ཉག་གཅིག་ནི་ཨ་མེ་རི་ཁས་དབྱི་ལིང་གི་ཡ་ང་ཞིང་ཁྲིམས་འགལ་གྱི་བཀག་སྡོམ་མེད་པར་གཏོང་བ་དེ་ཡིན་ཟེར། པཱ་ཀའེ་ལི་ཡིས་ཚེས་ཉེར་བདུན་ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཕྱོགས་འགུལ་སྐྱོད་ལས་དོན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་མའོ་ལཱ་དང་མཉམ་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་གྲོས་མོལ་བྱས་རྗེས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། དབྱི་ལིང་གིས་ཟླ་བཅུ་གཅིག་པའི་ཟླ་མཇུག་ཏུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གྲོས་མོལ་སླར་གསོ་བྱེད་པར་ཡིད་འཐད་བྱུང་བ་དང་། བྱེ་བྲག་གི་དུས་ཚོད་གཟའ་འཁོར་རྗེས་མར་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།