ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་རྣོ་ལྕགས་དང་ཧ་ཡང་གི་སྒོ་ཁྲལ་རྩོད་གླེང་ཐག་གཅོད་བྱེད་པའི་ཐད་ནས་གྲོས་མཐུན་བཀོད་པ་ཁྱབ་བསྒྲགས་བྱས། 
2021.11.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 50

ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཧྲ་ལེ་ཝུན་དང་ཚོང་དོན་པུའུ་ཀྲང་ལོས་མིན་ཏའོ། ཉོ་ཚོང་འཐུས་མི་ཏའེ་ཆི་བཅས་ཀྱིས་ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། ཡོ་རོབ་གླིང་མནའ་འབྲེལ་དང་མཉམ་དུ་དུས་ཡུན་ལོ་ངོ་གསུམ་འགོར་བའི་རྣོ་ལྕགས་དང་ཧ་ཡང་གི་སྒོ་ཁྲལ་རྩོད་གླེང་དེ་ཐག་གཅོད་བྱེད་པའི་ཐད་ནས་གྲོས་མཐུན་བཀོད་ཡོད་ཟེར། 

ལོས་མིན་ཏའོ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཀོད་པའི་གྲོས་མཐུན་ལྟར་ན། ཨ་མེ་རི་ཁས་མུ་མཐུད་དུ་གཉིས་གསུམ་གཉིས་དོན་ཚན་འོག་ནང་འདྲེན་བྱེད་པའི་རྣོ་ལྕགས་དང་ཧ་ཡང་ཐོན་རྫས་ལ་སྒོ་ཁྲལ་ཁ་སྣོན་བྱས་ཆོག་ཀྱང་། ཚད་ངེས་ཅན་ཡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་རྣོ་ལྕགས་དང་ཧ་ཡང་ཐོན་རྫས་སྐོར་ཞིག་སྒོ་ཁྲལ་མ་བསྡུར་པར་ཨ་མེ་རི་ཁའི་ཚོང་རར་འགྲེམ་པར་ཆོག་མཆན་བཀོད། དེའི་ལན་དུ་ཡོ་རོབ་གླིང་མནའ་འབྲེལ་གྱིས་དགོས་ངེས་ཀྱི་འཁོན་ལན་སློག་པའི་སྒོ་ཁྲལ་བྱེད་ཐབས་སྤྱོད་མཚམས་འཇོག་རྒྱུ་རེད་ཟེར། 

ལོས་མིན་ཏའོ་ཡིས་བསྟན་དོན། གྲོས་མཐུན་དེ་ཨ་མེ་རི་ཁའི་བཟོ་སྐྲུན་ཚོང་བ་དང་འཛད་སྤྱད་པའི་སྒོ་ཁྲལ་མ་རྩ་ཇེ་ཉུང་དུ་གཏོང་བར་ཕན་ཐོགས་ཡོད་ཟེར། ཁོ་མོས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་འཁོན་ལན་སློག་པའི་ཆེད་དུ་ཨ་མེ་རི་ཁའི་ཚོང་རྫས་སྐོར་ཞིག་གི་སྒོ་ཁྲལ་བརྒྱ་ཆའི་ལྔ་བཅུ་ཇེ་མཐོར་གཏོང་རྒྱུའི་འཆར་གཞི་ཡོད་ལ། གལ་ཏེ་བྱེད་ཐབས་དེ་ལག་བསྟར་བྱས་ན་ཨ་མེ་རི་ཁའི་ཁེ་ལས་མང་བོའི་འཚོ་སྡོད་དང་ལས་ཞུགས་ལ་ཤུགས་རྐྱེན་ཐེབས་ངེས་རེད་ཟེར། 

ཏའེ་ཆི་ཡིས་བསྟན་དོན། ཨ་མེ་རི་ཁ་དང་ཡོ་རོབ་གླིང་ཕྱོགས་གཉིས་ཀྱིས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་གཉིས་གསུམ་གཉིས་དོན་ཚན་གྱི་སྒོ་ཁྲལ་ལ་འབྲེལ་བའི་ཉོ་ཚོང་ཞུ་གཏུག་མཚམས་འཇོག་པར་ཡང་ཡིད་འཐད་བྱུང་ཡོད་ཟེར། 

ཨ་མེ་རི་ཁའི་ཚོང་ཚོགས་ཀྱི་ལག་བསྟར་ཚོགས་གཙོ་གཞོན་པ་པུའུ་ལི་ལེན་ཐི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། གྲོས་མཐུན་དེས་རྣོ་ལྕགས་རིན་གོང་ཇེ་མཐོར་སོང་བ་དང་མཁོ་འདོན་དཀའ་བའི་སྡུག་བསྔལ་མྱོང་བའི་ཨ་མེ་རི་ཁའི་བཟོ་སྐྲུན་ཚོང་བར་སེམས་གསོ་རེ་ཐུབ་ཀྱང་། ད་རུང་མུ་མཐུད་དུ་འགུལ་སྐྱོད་སྤེལ་དགོས། རྒྱུ་མཚན་ནི་ཨ་མེ་རི་ཁས་རྒྱལ་ཁབ་གཞན་པ་མང་བོའི་རྣོ་ལྕགས་དང་ཧ་ཡང་ཐོན་རྫས་ལ་དམིགས་པའི་གཉིས་གསུམ་གཉིས་དོན་ཚན་གྱི་སྒོ་ཁྲལ་དང་འབོར་གྲངས་ཚད་བཀག་སྔར་བཞིན་གནས་ཡོད་པས་རེད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།