དབྱི་ལིང་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁ་དང་དབྱིན་ཇི་སོགས་ཀྱི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞིར་འབྲེལ་བ་ཡོད་པའི་གསལ་སྒྲོག་དེ་འཛུགས་སྐྲུན་ལྡན་པ་ཞིག་མ་ཡིན་པའི་ཚུལ་བསྟན། 
2021.11.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་བསྟན་དོན། ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་བཞིའི་མགོ་ཁྲིད་པའི་ཉེ་སྔོན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞིར་འབྲེལ་བའི་གསལ་སྒྲོག་དེ་འཛུགས་སྐྲུན་རང་བཞིན་ལྡན་པ་ཞིག་མ་ཡིན་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བསྟན་དོན། རྒྱལ་ཁབ་བཞིའི་མགོ་ཁྲིད་པའི་གསལ་སྒྲོག་དེ་འཛུགས་སྐྲུན་རང་བཞིན་ལྡན་པ་ཞིག་མིན་ལ། དངོས་ཡོད་དང་མི་འཚམ་ཟེར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་བྱ་འགུལ་དེ་ཞི་བདེའི་ངོ་བོ་ཅན་ཡིན་པ་དང་། དབྱི་ལིང་གིས་ཉིང་རྡུལ་མཚོན་ཆ་བཟོ་བར་འཚོལ་ཞིབ་བྱེད་ཀྱིན་མེད། ཉིང་རྡུལ་ནུས་པའི་མཚོན་ཆར་དབྱི་ལིང་གི་རྒྱལ་སྲུང་འཐབ་ཇུས་ཁྲོད་གོ་གནས་མེད་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ད་རུང་བསྟན་དོན། མིག་སྔའི་ཛ་དྲག་གི་གནས་བབ་ནི་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་གསུམ་གྱིས་འགན་མི་ཁུར་བ་དང་། དམ་བཅའ་ལག་བསྟར་མི་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་གསུམ་གཅིག་དང་འགལ་བའི་དབང་གིས་བཟོས་པ་རེད་ཟེར། 

བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་བཞིའི་མགོ་ཁྲིད་པས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་རོ་མཱའི་མཐོ་རིམ་གྲོས་ཚོགས་སྐབས་སུ་གྲོས་མོལ་བྱས་ཏེ་མཉམ་འབྲེལ་གསལ་སྒྲོག་སྤེལ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞིར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། དབྱི་ལིང་གིས་དཀྲུག་འཕེན་རང་བཞིན་གྱི་ཉིང་རྡུལ་ནུས་པའི་བྱ་འགུལ་སྤེལ་བའི་གོམས་སྟབས་ཇེ་མགྱོགས་སུ་བཏང་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།