ཡེ་མིན་གྱི་དབྱི་སི་ལན་ཆོས་ཁང་ཞིག་ལ་འཕུར་མདའི་འཇབ་རྒལ་ཐེབས་ཏེ་ཉུང་མཐར་ཡང་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར། 
2021.11.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཡེ་མིན་སྲིད་གཞུང་དཔོན་རིགས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་བཤད་རྒྱུར། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གྱི་དགོང་མོར་འཕུར་མདའ་གཏོང་འཕེན་བྱས་ཏེ་རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་མཱ་ལི་པུའུ་ཞིང་ཆེན་གྱི་དབྱི་སི་ལན་ཆོས་ཁང་ཞིག་ལ་འཇབ་རྒོལ་བྱས་ནས། ཉུང་མཐར་ཡང་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལ་རྨས་ཕོག་ཡོད་ཟེར། 

མིང་བཤད་མི་འདོད་པའི་དཔོན་པོ་དེས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་བྱུང་སྐབས། དབྱི་སི་ལན་ཆོས་ཁང་དེར་ཕྱག་འཚལ་གསོལ་འདེབས་ཀྱི་བྱ་འགུལ་སྤེལ་བཞིན་ཡོད་ལ། ཤི་རྨས་བྱུང་བའི་གྲས་སུ་བྱིས་པའང་འདུས་ཡོད་ཟེར། 

ཧུའུ་སེ་དྲག་ཆས་པས་མིག་སྔར་ད་རུང་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།