མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་སྐུ་སྲུང་རུ་ཁག་གིས་ཞི་བདེ་སྲུང་སྐྱོབ་མི་སྣར་འཇབ་རྒོལ་བྱས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་། 
2021.11.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་གཉིས་ཉིན་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་སྐུ་སྲུང་རུ་ཁག་གིས་ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་པ་མང་བའི་ཕྱོགས་བསྡུས་གཏན་འཇགས་ཚོགས་པའི་ཞི་བདེ་སྲུང་སྐྱོབ་མི་སྣར་འཇབ་རྒོལ་བྱས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་གཞོན་པ་ཧཱ་ཁི་ཡིས་ཉིན་དེར་རྒྱུན་སྲོལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་པ་མང་བའི་ཕྱོགས་བསྡུས་གཏན་འཇགས་ཚོགས་པས་ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྕགས་ཞྭ་སྔོན་པོ་ཅན་གྱི་དམག་དཔུང་ལ་རྒྱུ་མཚན་ཅི་ཡང་མེད་པར་བསམ་བཞིན་དུ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་གཏོང་གིན་ཡོད་ཟེར། 

ཧཱ་ཁི་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། དུས་བཅད་ལྟར་རེས་མོས་བྱེད་པའི་ཨེ་ཅིབ་ཀྱི་ཞི་བདེ་སྲུང་སྐྱོབ་ཀྱི་ཉེན་རྟོག་པ་སྐོར་ཞིག་ཚེས་གཅིག་ཉིན་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པན་ཅི་རུ་འབྱོར། ཁོ་ཚོ་ཞི་བདེ་སྲུང་སྐྱོབ་ཀྱི་སྒར་སར་ཡོང་བའི་ལམ་བར་ནས་ཨ་ཧྥེ་རི་ཁ་དབུས་མའི་ཙུང་ཐུང་སྐུ་སྲུང་རུ་ཁག་གི་འཇབ་རྒོལ་ཐེབས་ཏེ། མི་བཅུར་རྨས་ཕོག་པ་དང་། དེའི་ནང་མི་གཉིས་ཀྱི་རྨས་སྐྱོན་ཚབས་ཆེན་རེད། ཞི་བདེ་སྲུང་སྐྱོབ་ཀྱི་ཉེན་རྟོག་པར་ཉེན་བརྡ་ཅི་ཡང་མ་འབྱོར་བའི་གནས་ཚུལ་འོག་འཇབ་རྒོལ་བྱས་པ་རེད་ཟེར། 

ཧཱ་ཁི་ཡིས་བཤད་རྒྱུར། དོན་རྐྱེན་བྱུང་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་པ་མང་བའི་ཕྱོགས་བསྡུས་གཏན་འཇགས་ཚོགས་པ་དང་ཨ་ཧྥེ་རི་ཁ་དབུས་མའི་སྲིད་གཞུང་གིས་མྱུར་མོལ་གྲོས་མོལ་སྤེལ་ཏེ། འཇབ་རྒོལ་དོན་རྐྱེན་གྱི་འབྲེལ་ཡོད་གནས་ཚུལ་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།