མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པར་ཞུགས་པའི་ཀྲུང་གོའི་འཐུས་ཚབ་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་གྲོས་མོལ་བྱས། 
2021.11.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པའི་འཛམ་གླིང་ཡོངས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་བསྡུས་པའི་ཉིན་དང་པོར། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། ཀྲུང་གོའི་ནམ་ཟླའི་འགྱུར་ལྡོག་ལས་དོན་གྱི་ཆེད་མངག་ཕོ་ཉ་ཞེ་ཀྲིན་ཧྭ་དང་། ཀྲུང་གོའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲའོ་དབྱིན་མེན་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་གྲོས་མོལ་བྱས། 

ཀུའུ་ཐི་ལོས་སི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཡོངས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་སྤེལ་བའི་ཡིག་ཐོག་གི་ཞུ་ཚིག་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཕྱོགས་མང་ཐུན་མོང་ལྟ་ཚུལ་ལ་སྲུང་སྐྱོབ་བྱེད་པ་དང་དངོས་གཉེར་འགུལ་སྐྱོད་གཙོར་འཛིན་པ། ལྷད་མེད་འཕེལ་སྟངས་མྱུར་དུ་བསྒྱུར་བའི་སྐོར་གྱི་གྲོས་གཞིར་གཟེངས་བསྟོད་ཆེན་པོ་བྱས། ཀུའུ་ཐི་ལོས་སི་ཡིས་ཀྲུང་གོའི་འཐུས་ཚབ་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པའི་སྐབས་སུ་སྔར་བཞིན་དུ་ཤུགས་རྐྱེན་འདོན་སྤེལ་གང་ལེགས་བྱས་ཤིང་། ཕྱོགས་སོ་སོའི་བར་གྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པར་ལེགས་འགྲུབ་འབྱུང་བར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན། 

དེ་ལས་གཞན་ཕྱོགས་གཉིས་ཀྱིས་ཕྱོགས་ཁག་སོ་སོས་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ་དང་། ལྷད་མེད་འཕེལ་སྟབས་བསྒྱུར་བར་སྐུལ་འདེད་གཏོང་བ། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་བཏང་གཏོང་བ། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པའི་བྱ་བ་དངོས་འབེབ་བྱེད་པ། ལག་རྡང་སྦྲེལ་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་སོགས་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས། 


བསོད་ནམས་ཚེ་རིང་གིས་བསྒྱུར།