སྐབས་དོན་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་དམག་དཔུང་ཉུང་འཕྲི་དང་རྒྱལ་སྤྱིའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་གྲོས་ཆོད་ལ་གྲོས་མཐུན་བཀོད། 
2021.11.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

སྐབས་དོན་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་དམག་དཔུང་ཉུང་འཕྲི་དང་རྒྱལ་སྤྱིའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཚེས་གསུམ་ཉིན་བརྡས་ཐག་བཅད་དེ་ཀྲུང་གོས་སྤྲད་པའི་རྒྱལ་སྤྱིའི་བདེ་འཇགས་ཁྱབ་ཁོངས་ནས་ཞི་བའི་སྒོ་ནས་རྒྱལ་སྤྱིའི་མཉམ་ལས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བའི་གྲོས་ཆོད་འཆར་གཞི་ལ་གྲོས་མཐུན་བཀོད། དེ་ནི་ཉེ་བའི་ལོ་ངོ་སུམ་ཅུ་ལྷག་གི་རིང་ཀྲུང་གོས་ཐོག་དང་པོར་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱལ་སྤྱིའི་དམག་དཔུང་ཉུང་འཕྲིའི་གནད་དོན་ལ་དམིགས་ནས་གྲོས་གཞི་བཏོན་ཏེ་གྲོས་འཆམ་བྱུང་བ་རེད། 

གྲོས་ཆོད་དེ་ལས་ནན་གྱིས་བསྟན་དོན། རྒྱལ་ཁབ་སོ་སོས་ཞི་བདེ་དམིགས་ཡུལ་དུ་བྱས་ཏེ་སྒྲིག་ཆས་དང་རྒྱུ་ཆ། ཚན་རིག་ལག་རྩལ་བརྗེ་རེས་བཅས་ལ་གཞན་གྱིས་འཕྲོག་མི་རུང་བའི་ཁེ་དབང་ཡོད་པས། རྒྱལ་ཁབ་སོ་སོས་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་དང་སྐྱེལ་འདྲེན་ཡོ་བྱད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པའི་འོས་འགན་ལག་བསྟར་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག བྱེད་ཐབས་ནུས་ལྡན་སྤྱད་དེ་ཞི་བའི་དམིགས་ཡུལ་ཅན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ཟེར། གྲོས་ཆོད་ལས་ད་ཡོད་ཀྱི་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་པའི་ཕྱིར་གཏོང་དོ་དམ་ཚོད་འཛིན་རྐྱེན་སྲོལ་གྱིས་མངོན་གསལ་སྲུང་འཛིན་བྱེད་པ་དང་། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་བཀག་རྒྱ་བཟོ་མི་རུང་བའི་སྐུལ་མ་བཏང་། 

གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཞི་བདེའི་བེད་སྤྱོད་གནད་དོན་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་བསམ་འཆར་བསྡུ་ལེན་བྱས་ཏེ། སྐབས་དོན་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་སྙན་ཞུ་སྤྲོད་དགོས་པར་མ་ཟད། སྐབས་དོན་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་རིམ་ཁྲོད་རྒྱལ་སྤྱིའི་བདེ་འཇགས་ཁྱབ་ཁོངས་ནས་ཞི་བའི་སྒོ་ནས་རྒྱལ་སྤྱིའི་མཉམ་ལས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བའི་གྲོས་གཞི་ཁ་སྣོན་བྱེད་དགོས་པའི་རེ་བ་བཏོན། 

ཐེངས་འདིར་སྐབས་དོན་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་དམག་དཔུང་ཉུང་འཕྲི་དང་རྒྱལ་སྤྱིའི་བདེ་འཇགས་ཨུ་ཡོན་ལྷན་ཁང་ནས་ཀྲུང་གོས་བཏོན་པའི་གྲོས་གཞིར་གྲོས་འཆམ་བྱུང་བ་ལས། ཀྲུང་གོའི་རྒྱལ་སྤྱིའི་འཐབ་ཇུས་བདེ་འཇགས་ཁྱབ་ཁོངས་ཀྱི་ཇེ་མཐོར་འགྲོ་བཞིན་པའི་ཤུགས་རྐྱེན་མངོན་པར་མཚོན་ཡོད་པ་དང་། ཀྲུང་གོའི་རྒྱལ་སྤྱིའི་དམག་དཔུང་ཉུང་འཕྲིའི་འཕེལ་རིམ་ཁྲོད་ཀྱི་འཛུགས་སྐྲུན་རང་བཞིན་ལྡན་པའི་རྣམ་འགྱུར་བཟང་བོ་ངོམས་ཡོད། གྲོས་ཆོད་ལ་གྲོས་མཐུན་བཀོད་པ་དེས་ཞི་བའི་སྒོ་ནས་རྒྱལ་སྤྱིའི་མཉམ་ལས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ད་ཡོད་ཀྱི་ཕྱི་གཏོང་དོ་དམ་ཚོད་འཛིན་རྐྱེན་སྲོལ་གྱིས་དྲང་བདེན་ངང་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་ཡོངས་ཁྱབ་བདེ་འཇགས་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པར་རོགས་རམ་བྱེད་པར་ཕན་ཐོགས་འབྱུང་སྲིད། 


བསོད་ནམས་ཚེ་རིང་གིས་བསྒྱུར།