ས་ཁོངས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་དེ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནུས་ལྡན་དུ་འགྱུར་རྒྱུ་རེད། 
2021.11.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ས་ཁོངས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་དེ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནུས་ལྡན་དུ་འགྱུར་རྒྱུ་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། ས་ཁོངས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་འགན་སྲུང་དོ་དམ་ལས་ཁུངས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་ཡིས་ཚེས་གཉིས་ཉིན་བརྡ་ཐོ་སྤེལ་ཏེ། ཝུན་ལའེ་དང་ཁམ་ཕུ་ཀྲེ། ལའོ་ཝའོ། ཐེ་གོ། ཡོ་ནན་བཅས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དྲུག་དང་། ཀྲུང་གོ་དང་འཇར་པན། ནེའུ་ཙེ་ལན། ཨོ་སི་ཁྲུ་ལི་ཡཱ་བཅས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་མ་ཡིན་པའི་རྒྱལ་ཁབ་བཞི་ཡིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཁྲུའུ་ལ་དཔྱད་ཞིབ་ཆོག་མཆན་ཡི་གེ་དངོས་སུ་སྤྲད་ཡོད་པ་དང་། གྲོས་ཆོད་དེ་ནུས་ལྡན་དུ་འགྱུར་བའི་ཚད་གཞིར་བསླེབས་ཡོད་པ་ཁྱབ་བསྒྲགས་བྱས། 

གྲོས་ཆོད་ཀྱི་གཏན་འཁེལ་ལྟར་ན། ས་ཁོངས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་དེ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་གོང་གི་རྒྱལ་ཁབ་བཅུ་ནས་ནུས་ལྡན་དུ་འགྱུར་ངེས་རེད། 

ས་ཁོངས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་དེ་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་དངོས་སུ་བཀོད་པ་དང་། ད་ལྟ་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔ་ཡོད་ཅིང་། སྤྱིའི་མི་གྲངས་དང་དཔལ་འབྱོར་ཚོགས་པའི་ཁ་གྲངས། ཉོ་ཚོང་འབོར་གྲངས་སོགས་འཛམ་གླིང་ཡོངས་ཀྱི་སྤྱི་གྲངས་ཀྱི་བརྒྱ་ཆའི་སུམ་ཅུ་ཙམ་ཟིན་ཡོད། དེ་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་རང་དབང་ཉོ་ཚོང་ས་ཁུལ་ཞིག་རེད། གྲོས་ཆོད་དེ་ནུས་ལྡན་དུ་གྱུར་ན་སྔར་ལས་ལྷག་པའི་སྒོ་ནས་ས་ཁོངས་ཀྱི་རང་དབང་ཉོ་ཚོང་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་མུ་འབྲེལ་ཅན་གྱི་མཁོ་འདོན་གཏན་འཇགས་ཡོང་བར་བྱེད་པ། ཀྲུང་གོའི་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།