དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གྲོས་མོལ་དེ་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་སླར་གསོ་བྱེད་རྒྱུའི་ཚུལ་བསྟན། 
2021.11.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་པཱ་ཀའེ་ལི་ཡིས་ཚེས་གསུམ་ཉིན་ཁྱབ་བསྒྲགས་བྱས་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གྲོས་མོལ་དེ་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་སླར་གསོ་བྱེད་རྒྱུ་ཡིན་ཟེར། 

པཱ་ཀའེ་ལི་ཡིས་དྲ་ཚིགས་སུ་རྩོམ་ཡིག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཕྱོགས་འགུལ་སྐྱོད་ལས་དོན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་མའོ་ལཱ་དང་ཁ་པར་གྲོས་མོལ་བྱེད་སྐབས། ཁོ་དང་མའོ་ལཱ་ཡིས་ཚེས་ཉེར་དགུ་ཉིན་ཝེ་ཡེ་ནཱ་ནས་ཁྲིམས་འགལ་དང་མི་ཆོས་ལ་མི་མཐུན་པའི་བཀག་སྡོམ་མེད་པར་གཏོང་བར་དམིགས་པའི་གྲོས་མོལ་མགོ་རྩོམ་པར་ཡིད་འཐད་བྱུང་ཡོད་ཟེར། 

པཱ་ཀའེ་ལི་དང་མའོ་ལཱ་ཡིས་དེའི་སྔོན་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་དང་པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་ནས་གྲོས་མོལ་ཐེངས་གཉིས་བྱས་ཏེ། ཕྱོགས་གཉིས་ཀྱིས་ཟླ་བཅུ་གཅིག་པའི་ཟླ་མཇུག་ཏུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་གྲོས་མོལ་སླར་གསོ་བྱེད་པར་ཡིད་འཐད་བྱུང་། དབྱི་ལིང་ཕྱོགས་ཀྱིས་བསྟན་དོན། ཨ་མེ་རི་ཁས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་བ་དང་ཕྱོགས་སོ་སོས་ཆིངས་ཡིག་སླར་གསོ་བྱེད་པ་ནི་གྲོས་མོལ་གྱི་གྲོས་རིམ་གཙོ་བོ་ཡིན་ཟེར། 

གཞན་ཡང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་ཕྱོགས་འགུལ་སྐྱོད་ལས་དོན་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་དགུ་ཉིན་ཝེ་ཡེ་ནཱ་ནས་གྲོས་ཚོགས་བསྡུ་རྒྱུ་ཡིན་པ་དང་། གྲོས་ཚོགས་དེར་མའོ་ལཱ་ཡིས་མགོ་འཛིན་བྱེད་རྒྱུ་ཡིན་ལ། ཀྲུང་གོ་དང་ཧྥ་རན་སི། འཇར་མན། ཨུ་རུ་སི། དབྱིན་ཇི། དབྱི་ལིང་བཅས་ཀྱི་འཐུས་མི་གྲོས་ཚོགས་ལ་ཞུགས་རྒྱུ་རེད། གྲོས་ཚོགས་ལ་ཞུགས་པའི་འཐུས་མིས་མུ་མཐུད་དུ་ཨ་མེ་རི་ཁ་ཡང་བསྐྱར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་པའི་མདུན་ལྗོངས་དང་། ཕྱོགས་སོ་སོས་ཕན་ནུས་ལྡན་པའི་སྒོ་ནས་ཆིངས་ཡིག་ལག་བསྟར་བྱེད་པར་ཇི་ལྟར་འགན་སྲུང་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།