དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ནས་དཔྱད་ཞིབ་བྱས་ཆོག་པའི་གྲོས་མཐུན་བཟང་བོ་ཞིག་འགོད་ཐུབ་པར་རེ་བཞིན་ཡོད་པའི་ཚུལ་བསྟན། 
2021.11.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། དབྱི་ལིང་ལྷག་བསམ་རྣམ་དག་གིས་མི་འགྱངས་པར་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་སླར་གསོ་བྱེད་རྒྱུ་ཡིན་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ལ་ཞུགས་རྒྱུ་ཡིན་པ་དང་། གྲོས་མོལ་དེ་ནས་དཔྱད་ཞིབ་བྱས་ཆོག་པའི་གྲོས་མཐུན་བཟང་བོ་ཞིག་འགོད་ཐུབ་པར་རེ་བཞིན་ཡོད་ཟེར། 

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལེ་ལ་ཁ་པར་བཏང་སྟེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཨ་པུའུ་ཏུའ་ལཱ་ཞེ་དབྱང་གིས་བཤད་རྒྱུར། གལ་ཏེ་ཕྱོགས་གཞན་པས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་པ་སླར་གསོ་བྱས་ནས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་རྩིས་ཡོད་ན། གྲོས་མཐུན་བཟང་བོ་ཞིག་མྱུར་དུ་འགོད་ཐུབ་པ་ཡི་ཟེར། 

ཁོས་བཤད་རྒྱུར། ཨ་མེ་རི་ཁ་དང་ཡོ་རོབ་གླིང་རྒྱལ་ཁབ་དག་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དང་འགལ་ཡོད་ཀྱང་། དབྱི་ལིང་གིས་སྔར་བཞིན་ལྷག་བསམ་རྣམ་དག་གི་རྣམ་འགྱུར་བཟུང་སྟེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་སླར་གསོ་བྱེད་པར་ཞུགས་འདོད་ཡོད་པ་དང་། གྲོས་མོལ་ནས་དཔྱད་ཞིབ་བྱས་ཆོག་པའི་གྲོས་མཐུན་བཟང་བོ་ཞིག་འགོད་ཐུབ་པར་རེ་བཞིན་ཡོད། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཡང་བསྐྱར་ཞུགས་པ་ནི་གྲོས་མཐུན་དེའི་ནང་དོན་དང་དོན་ཚན་བརྩི་སྲུང་བྱེད་པ་མཚོན་ཡོད་པས། ནུབ་ཕྱོགས་རྒྱལ་ཁབ་དག་ངེས་པར་དུ་འཛུགས་སྐྲུན་རང་བཞིན་ལྡན་པའི་བྱེད་ཐབས་གསར་བ་ཞིག་གིས་སྐོར་ཐེངས་གསར་བའི་གྲོས་མོལ་ལ་ཞུགས་དགོས་ཟེར། 

ཁོས་བསྟན་དོན། ཨ་མེ་རི་ཁས་ཉེ་སྔོན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཡང་བསྐྱར་ཞུགས་འདོད་ཡོད་པའི་ཚུལ་བསྟན་ཡང་། དབྱི་ལིང་གི་མི་སྒེར་དང་ཁེ་ལས་ཚོགས་པ་སྐོར་ཞིག་ལ་ཐེངས་གཉིས་ལས་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པས། དེ་ནི་གཏམ་དང་སྦྱོར་བ་གཅིག་མཐུན་མིན་པའི་བྱ་སྤྱོད་ཅིག་རེད། ཨ་མེ་རི་ཁས་ངེས་པར་དུ་ཕྱོགས་སོ་སོར་དབྱི་ལིང་གི་བཀག་སྡོམ་རྩ་བ་ནས་མེད་པར་གཏོང་བའི་ཆོད་སེམས་དང་དོན་དངོས་འགུལ་སྐྱོད་མཐོང་དུ་འཇུག་དགོས། ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་འབུད་མི་སྲིད་པར་ནན་ཏན་གྱིས་འགན་སྲུང་གང་ལེགས་བྱེད་དགོས་ཟེར། 

པའོ་ལོས་ལེ་ཡིས་ཁ་པར་བཏང་རྗེས་དྲ་ཚིགས་ནས་བསྟན་དོན། ད་ལྟ་སྔོན་ཆད་ཀྱི་དུས་སྐབས་གང་རུང་ལས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དེ་རྒྱུན་ལྡན་དུ་འགྱུར་བའི་དགོས་གལ་ཆེ་བ་དང་། ངེས་པ་དོན་གྱི་འགྲན་རྩོད་ཅིག་མདུན་ཕྱོགས་སུ་ཡོད་པས། ཕྱོགས་ཁག་སོ་སོས་དངོས་གཉེར་གྱི་རྣམ་འགྱུར་འཛིན་པ་དང་ལྷག་བསམ་རྣམ་དག་གི་འདོད་ཚུལ་བཟུང་སྟེ། མྱུར་མོར་ཐག་གཅོད་བྱུང་མེད་པའི་གནད་དོན་གྱི་གྲོས་བསྡུར་གང་རུང་མཇུག་སྒྲིལ་དུ་འཇུག་དགོས་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།