ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་མངའ་ཁོངས་བསྐྱུར་མི་སྲིད་པའི་ཚུལ་བསྟན། 
2022.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 95

ཝུའུ་ཁི་ལན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱིས་ཤར་ཕྱོགས་ཀྱི་མངའ་ཁོངས་བསྐྱུར་ནས་ཨུ་རུ་སིའི་བར་གྱི་འཁྲུག་རྩོད་མཇུག་སྒྲིལ་བར་སྐུལ་མ་གཏོང་མི་སྲིད་ཟེར། 

བསྒྲགས་པ་ལྟར་ན། ཙེ་ལེན་སི་ཅི་ཡིས་ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་ཚིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཏོན་པཱ་སི་ས་ཁུལ་དུ་འཐབ་འཁྲུག་བྱེད་པར་གྲ་སྒྲིག་བྱས་ཡོད་པ་དང་། ཏོན་པཱ་སི་ས་ཁུལ་གྱི་འཐབ་འཁྲུག་གིས་འཐབ་འཁྲུག་ཧྲིལ་བོའི་འཕེལ་ཕྱོགས་ལ་ཤུགས་རྐྱེན་ཐེབས་ངེས་རེད་ཟེར། ཁོས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་ཅི་ཧྥུའུ་དང་ཆེ་ཨར་ནེ་ཀི་ཧྥུའུ་མངའ་སྡེ་ནས་ཕྱིར་འཐེན་བྱས་ཀྱང་། ཨུ་རུ་སིའི་དམག་དཔུང་གིས་ཏོན་པཱ་སི་ས་ཁུལ་བཙན་བཟུང་བྱས་རྗེས་ཡང་བསྐྱར་ཅི་ཧྥུའུ་ལ་ངོ་རྒོལ་བྱེད་མི་སྲིད་པའི་ངེས་པ་མེད་ཟེར། 

ཙེ་ལེན་སི་ཅི་ཡིས་བསྟན་དོན། གལ་ཏེ་གྲོས་མོལ་གྱི་གོ་སྐབས་ཡོད་ན་ཝུའུ་ཁི་ལན་ཕྱོགས་ཀྱིས་གྲོས་མོལ་བྱེད་སྲིད་ཀྱང་། ཨུ་རུ་སིའི་ཕྱོགས་ཀྱིས་ཆེས་མཇུག་མཐའི་ཐ་ཚིག་བསྒྲགས་པའི་གནས་ཚུལ་འོག་གྲོས་མོལ་བྱེད་མི་སྲིད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།