ཨ་ཧྥེ་རི་ཁ་ལྷོ་མའི་ཤར་ཕྱོགས་ས་ཁུལ་དུ་ཆུ་ལོག་གི་འཇིགས་པ་ཐེབས་ཏེ་མི་བཞི་བརྒྱ་དང་ཞེ་གསུམ་རྐྱེན་ལམ་དུ་ཤོར། 
2022.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 46

ཨ་ཧྥེ་རི་ཁ་ལྷོ་མའི་ཤར་ཕྱོགས་ཀྱི་མཁའ་ཙུའུ་ལུའུ་དང་ནཱ་ཐཱ་ཨར་ཞིང་ཆེན་གྱི་ཧྲིན་ཀྲང་ཅི་ཁཱ་ལཱ་ལཱ་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཞིང་ཆེན་དེར་གཟའ་འཁོར་སྔོན་མར་བྱུང་བའི་ཆུ་ལོག་གི་འཇིགས་པ་ལས་མི་བཞི་བརྒྱ་དང་ཞེ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་རེ་གསུམ་གར་སོང་རྙེད་མེད་ཟེར། 

ཅི་ཁཱ་ལཱ་ལཱ་ཡིས་ཉིན་དེའི་ཕྱི་དྲོར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཚེས་བཅུ་བདུན་ཉིན་གྱི་ཐོག་མའི་བསྡོམས་རྩིས་ཀྱི་ཁ་གྲངས་ལས་མངོན་པ་ལྟར་ན། བསྡོམས་པས་ཁང་བ་སྟོང་བརྒྱད་དང་སུམ་བརྒྱ་ཉེར་དགུ་ལ་ཆུ་ལོག་གི་འཇིགས་པའི་ཁྲོད་གཏོར་བརླག་ཐེབས་པ་དང་། ཁང་བ་སྟོང་གསུམ་དང་དགུ་བརྒྱ་སོ་བདུན་ཤུལ་མེད་དུ་བཟོས་ཡོད་ལ། ཁྱིམ་ཚང་ཁྲི་གཅིག་དང་སྟོང་གསུམ་ལྔ་བརྒྱ་ང་དྲུག་ལ་གནོད་པ་ཐེབས་ཡོད། དེ་ལས་གཞན་ད་རུང་སློབ་གྲྭ་ལྔ་བརྒྱ་དང་ང་གཅིག་ལ་གཏོར་བརླག་ཐེབས་པ་དང་། དེིའ་ནང་སློབ་གྲྭ་གོ་བརྒྱད་ཀྱི་སློབ་ཁང་བེད་སྤྱོད་བྱེད་ཐབས་མེད། སྨན་ཁང་སྐོར་ཞིག་གི་ལས་གཉེར་ལ་ཤུགས་རྐྱེན་ཐེབས་ཡོད་པར་མ་ཟད། གནོད་ཐེབས་ས་ཁུལ་མང་ཆེ་བར་གློག་ཆད་ཡོད་ལ། ས་ཁུལ་རེ་འགར་འཐུང་ཆུ་ཡང་མེད་ཟེར། 

ཆུ་ལོག་གི་འཇིགས་པ་བྱུང་རྗེས། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གིས་མཁའ་ཙུའུ་ལུའུ་དང་ནཱ་ཐཱ་ཨར་ཞིང་ཆེན་ནས་བྲེལ་མྱུར་དོགས་ཟོན་རྣམ་པ་སྲུང་འཛིན་བྱས་ཏེ། སྔར་ལས་མང་བའི་རྒུད་སྐྱོབ་དངོས་རྫས་སྐྱེལ་བ་དང་རྨང་གཞིའི་སྒྲིག་ཆས་བསྐྱར་འཛུགས་བྱེད་པར་སྟོབས་བདེ་བཟོ་རྒྱུ་ཁྱབ་བསྒྲགས་བྱས། ཅི་ཁཱ་ལཱ་ལཱ་ཡིས་བསྟན་དོན། འདས་པའི་ཉིན་འགའི་རིང་ལ། སྲིད་གཞུང་གིས་ནམ་རྒྱུན་གནོད་ཐེབས་མང་ཚོགས་སྐྱོབ་པ་དང་གྱོང་གུད་གནས་ཚུལ་བསྡོམས་རྩིས་བྱེད་པར་འབད་འབུངས་བྱེད་བཞིན་ཡོད་ལ། ཉེན་རྟོག་ཕྱོགས་དང་དམག་དཔུང་གིས་ཀྱང་གྱེན་འཕུར་གནམ་གྲུ་མངག་ནས་གནོད་སྐྱོབ་བྱ་བར་ཞུགས་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།