རྒྱ་གར་གྱི་ཨ་སཱ་མུའུ་མངའ་སྡེ་རུ་དྲག་ཆར་བབས་ཏེ་ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར། 
2022.04.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

རྒྱ་གར་གྱི་ཨ་སཱ་མུའུ་མངའ་སྡེའི་གནོད་འཚེ་དོ་དམ་ཅུའུ་ཡིས་ཚེས་བཅུ་བདུན་ཉིན་སྤེལ་བའི་སྤྱི་སྒྲོག་ལས་བསྟན་དོན། མངའ་སྡེ་དེའི་ས་ཁུལ་མང་བོར་དྲག་ཆར་གྱི་གནོད་པ་ཐེབས་པ་དང་། མིག་སྔར་ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཚེས་བཅོ་ལྔ་ཉིན་དང་ཚེས་བཅུ་དྲུག་ཉིན་སོ་སོར་མི་བརྒྱད་དང་མི་དྲུག་རྐྱེན་ལམ་དུ་ཤོར་ཡོད་ལ། དེའི་ནང་ནར་སོན་མེད་པའི་མི་གཉིས་འདུས་ཟེར། 

ས་གནས་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཚེས་བཅུ་བཞི་ཉིན་ནས་བཟུང་ཨ་སཱ་མུའུ་མངའ་སྡེའི་ས་ཁུལ་མང་བོར་བསྟུད་མར་དྲག་ཆར་བབས་ཏེ། གློག་སྡོང་མང་བོ་ལོག་པ་དང་། ཁང་བ་སྟོང་བདུན་ལྷག་ལ་གཏོར་བརླག་ཐེབས་ཡོད། མིག་སྔར་ཉུང་མཐར་ཡང་མི་ཁྲི་བཞི་དང་སྟོང་གཅིག་ལ་གནོད་འཚེ་ཐེབས་ཡོད་ཟེར། ས་དེའི་རྒུད་སྐྱོབ་སྡེ་ཁག་གིས་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་པ་རེད། 

རྒྱ་གར་གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་ཚོད་དཔག་བྱས་པ་ལྟར་ན། མ་འོངས་པའི་ཉིན་ལྔའི་ནང་། ཨ་སཱ་མུའུ་མངའ་སྡེ་དང་བཅས་པའི་རྒྱ་གར་བྱང་ཤར་ས་ཁུལ་དུ་སྔར་བཞིན་དྲག་ཆར་འབབ་པ་དང་གློག་འཁྱུག་པའི་ནམ་ཟླ་འབྱུང་སྲིད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།