ཙེ་ལེན་སི་ཅི་ཡིས་ཨུ་རུ་སིའི་དམག་དཔུང་གིས་ཏོན་པཱ་སི་ས་ཁུལ་དུ་དཔུང་འཇུག་བྱེད་མགོ་བརྩམས་པའི་ཚུལ་བསྟན། 
2022.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 39

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཏོན་པཱ་སི་ས་ཁུལ་དུ་དཔུང་འཇུག་བྱེད་མགོ་བརྩམས་ཡོད་ཟེར། 

ཙེ་ལེན་སི་ཅི་ཡིས་ཉིན་དེའི་དགོང་མོར་བརྙན་རིས་གཏམ་བཤད་སྤེལ་སྐབས། ཨུ་རུ་སིའི་དམག་དཔུང་གིས་ཏོན་པཱ་སིའི་འཐབ་འཁྲུག་ལ་གྲ་སྒྲིག་བྱས་ནས་ཡུན་རིང་འགོར་བ་དང་། ཨུ་རུ་སིའི་དམག་དཔུང་གིས་ཁ་གྲངས་ངེས་ཅན་ལྡན་པའི་དམག་ཤུགས་ཐེངས་འདིའི་དཔུང་འཇུག་ཐད་བཀོལ་ཡོད་ཟེར། ཁོས་བསྟན་དོན། ཨུ་རུ་སིའི་དམག་དཔུང་གི་ཏོན་པཱ་སིའི་དམག་ཤུགས་ཅི་འདྲ་ཡིན་ཡང་། ཝུའུ་ཁི་ལན་གྱིས་རྒོལ་ལན་སྤྲོད་ངེས་ཡིན་པ་དང་། ཝུའུ་ཁི་ལན་ལ་དབང་བའི་དངོས་པོ་གང་ཡང་བསྐྱུར་མི་སྲིད་ཟེར། 

ཝུའུ་ཁི་ལན་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཏན་ནེ་ལོ་ཧྥུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བརྙན་འཕྲིན་ཐད་གཏོང་ལེ་ཚན་ནང་བསྟན་དོན། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར་ཏོན་ནེ་ཚི་ཁི་དང་ལུའུ་ཀན་སི་ཁི། ཧཱ་ཨར་ཁི་ཧྥུའུ་བཅས་བརྒྱུད་དེ་ཝུའུ་ཁི་ལན་གྱི་དམག་དཔུང་གི་འགོག་སྲུང་གཏོར་བརྩིས་བྱས་པ་དང་། ལུའུ་ཀན་སི་ཁི་ས་ཁུལ་གྱི་ནུབ་བྱང་ཕྱོགས་ཀྱི་ཁི་ལེ་མེན་ནཱ་ཡཱ་གྲོང་ཁྱེར་དང་གྲོང་རྡལ་ཆུང་བ་ཞིག་ཨུ་རུ་སིའི་དམག་དཔུང་གིས་བཙན་བཟུང་བྱས་ཡོད་ཀྱང་། འཐབ་འཁྲུག་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།