ཐུར་ཁེའི་རྒྱལ་སྲུང་པུའུ་ཀྲང་ཨ་ཁཱ་ཨར་གྱིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་དམག་དཔུང་གིས་ཉིན་དེའི་ཞོགས་པར་དབྱི་རག་བྱང་ཕྱོགས་ས་ཁུལ་དུ་ཡོད་པའི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པར་རྒྱལ་མཚམས་བརྒལ་ནས་ས་ངོས་དང་བར་སྣང་གཉིས་ས་མཉམ་འབྲེལ་གྱིས་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཁུའུ་ཨར་ཏི་བཟོ་བའི་ཏང་གི་དམིགས་འབེན་ལ་མེ་སྒྱོགས་བཀོལ་ནས་འཇབ་རྒོལ་བྱེད་པའི་ཞོར་དུ་ཐུར་ཁེའི་དམིགས་བསལ་དམག་དཔུང་གིས་གྱེན་འཕུར་གནམ་གྲུ་དང་མི་བསྡད་མེད་པའི་གནམ་གྲུའི་རོགས་འདེགས་འོག ས་ངོས་ནས་དབྱི་རག་བྱང་ཕྱོགས་ས་ཁུལ་དུ་སོང་། དེ་དང་མཉམ་དུ་ཐུར་ཁེའི་འཐབ་འཛིང་གནམ་གྲུས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པས་དབྱི་རག་བྱང་ཕྱོགས་ས་ཁུལ་དུ་ལས་ཡོད་པའི་ཉེན་ཡོལ་བྱེད་ས་དང་ས་འོག་བཙན་རྫོང་། དོང་ཕུག ས་འོག་རྒྱུ་ལམ། མཚོན་ཆའི་མཛོད་ཁང་། དེ་མིན་བཀོད་འདོམ་པུའུ་བཅས་ལ་བར་སྣང་འཇབ་རྒོལ་བྱས་ཟེར།
ཨ་ཁཱ་ཨར་གྱིས་གསལ་སྒྲོག་ནང་བཤད་རྒྱུར། མིག་སྔའི་བར་དུ་ང་ཚོའི་འགུལ་སྐྱོད་དེ་སྔར་བཞིན་འཆར་གཞི་ཡོད་པའི་སྒོ་ནས་བདེ་བླག་ངང་སྤེལ་བཞིན་ཡོད་པ་དང་། དུས་རིམ་དང་པོའི་གཏན་འཁེལ་བྱས་པའི་དམིགས་འབེན་ཡོངས་འགྲུབ་བྱས་ཡོད་ཟེར།
ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་ད་རུང་གསལ་སྒྲོག་གཞན་པ་ཞིག་ལས་བཤད་རྒྱུར། ཁུའུ་ཨར་ཏི་བཟོ་བའི་ཏང་གིས་གོ་སྐབས་དང་བསྟུན་ནས་གཞི་རྒྱ་ཆེ་བའི་འཇབ་རྒོལ་བྱེད་རྩིས་ཡོད་པ་ཤེས་རྗེས། ཐུར་ཁེའི་དམག་དཔུང་གིས་ཚབ་མིང་ལ་སྡེར་གཟེབ་ཅེས་པའི་རྒྱལ་མཚམས་བརྒལ་བའི་ཆམ་ཕབ་འགུལ་སྐྱོད་སྤེལ་བ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།