ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཨུ་རུ་སིའི་དམག་དཔུང་གིས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་ནས་ཝུའུ་ཁི་ལན་དུ་བསྐྱལ་ཡོང་བའི་མཚོན་ཆ་མང་བོར་གཏོར་བཤིག་བཏང་བའི་ཚུལ་བསྟན། 
2022.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 117

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཉིན་དེར་ཨ་མེ་རི་ཁ་དང་ཡོ་རོབ་གླིང་ནས་ཝུའུ་ཁི་ལན་དུ་བསྐྱལ་ཡོང་བའི་མཚོན་ཆ་དང་སྒྲིག་ཆས་མང་བོར་གཏོར་བཤིག་བཏང་ཡོད་ཟེར། 

ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་སྤྱི་བསྒྲགས་ལས་བཤད་རྒྱུར། ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པར་ཨུ་རུ་སིའི་མཁའ་དམག་གིས་གནད་འཁེལ་འཕུར་མདའ་བཀོལ་ནས་ཝུའུ་ཁི་ལན་ནུབ་ཕྱོགས་ཀྱི་ལེ་བོ་ཧྥུའུ་ས་ཁུལ་གྱི་ཝུའུ་ཁི་ལན་གྱི་དམག་དཔུང་གི་མཁོ་སྒྲུབ་འགན་སྲུང་ལྟེ་གནས་ཞིག་ལ་འཇབ་རྒོལ་བྱས་པ་དང་། འདས་པའི་ཉིན་དྲུག་གི་རིང་ཨ་མེ་རི་ཁ་དང་ཡོ་རོབ་གླིང་ནས་ཝུའུ་ཁི་ལན་དུ་བསྐྱལ་ཡོང་བའི་མཚོན་ཆ་མང་བོར་གཏོར་བཤིག་བཏང་ཡོད་ཟེར། 

ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་མཁའ་དམག་གིས་ཉིན་དེར་ཝུའུ་ཁི་ལན་གྱི་དམག་དོན་དམིགས་འབེན་གྱ་བཞིར་ཆམ་ཕབ་བཏང་སྟེ། འཕུར་མདའི་ཞིག་གསོའི་བཟོ་གྲྭ་ཞིག་གཅིག་དང་དམག་ཆས་མཛོད་ཁང་གཉིས། འབར་རྫས་མཛོད་ཁང་གཅིག ཝུའུ་ཁི་ལན་གྱི་དམག་མི་དང་སྒྲིག་ཆས་གཅིག་འདུས་བྱེད་ས་ཞེ་བདུན། མེ་སྒྱོགས་གཏོང་འཕེན་འཐབ་ར་ཉེར་གཉིས་བཅས་ལ་གཏོར་བཤིག་བཏང་། ཨུ་རུ་སིའི་མེ་ཤུགས་མེ་སྒྱོགས་དམག་དཔུང་གིས་ཉིན་དེར་ཝུའུ་ཁི་ལན་གྱི་དམག་དོན་དམིགས་འབེན་སུམ་བརྒྱ་དང་སོ་གཅིག་ལ་ཆམ་ཕབ་བཏང་ཡོད། དེའི་ནང་བཀོད་འདོམ་ཁང་དགུ་དང་། དམག་ཆས་མཛོད་ཁང་གཅིག ཝུའུ་ཁི་ལན་གྱི་དམག་མིའི་གཅིག་འདུས་བྱེད་ས་སུམ་བརྒྱ་དང་བཅོ་ལྔ་བཅས་འདུས་ཟེར། 

ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་བཤད་རྒྱུར། དམིགས་བསལ་དམག་དོན་འགུལ་སྐྱོད་སྤེལ་བའི་ཚུན་ལ། ཨུ་རུ་སིའི་དམག་དཔུང་གིས་བསྡོམས་པས་ཝུའུ་ཁི་ལན་གྱི་གནམ་གྲུ་བརྒྱ་དང་སོ་དགུ་དང་། མི་བསྡད་མེད་པའི་གནམ་གྲུ་བཞི་བརྒྱ་དང་གྱ་གསུམ། མཁའ་སྲུང་འཕུར་མདའི་མ་ལག་ཉིས་བརྒྱ་དང་ལྔ་བཅུ། ཐན་ཁི་འཁོར་ལོ་དང་ཁྲབ་ལྡན་འཁོར་ལོ་སྟོང་གཉིས་དང་སུམ་བརྒྱ་སོ་བདུན། སྦུག་མང་མེ་ཤུགས་མེ་སྒྱོགས་ཉིས་བརྒྱ་དང་ང་བཞི། གཡུལ་འཐབ་ཀྱི་མེ་སྒྱོགས་སྟོང་གཅིག་དང་དགུ། དམིགས་བསལ་དམག་བཀོལ་རླངས་འཁོར་སྟོང་གཉིས་དང་བརྒྱ་དང་གོ་དྲུག་བཅས་གཏོར་བཤིག་བཏང་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།