ཐུར་ཁེའི་བདེ་འཇགས་ཆེད་མཁས་པས་ཨ་མེ་རི་ཁས་བྱང་ཆིངས་རྩ་འཛུགས་བེད་སྤྱད་དེ་རང་སྟེང་གི་དམིགས་ཡུལ་མངོན་འགྱུར་བྱེད་བཞིན་ཡོད་པའི་ཚུལ་བསྟན། 
2022.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 60

ཐུར་ཁེའི་བདེ་འཇགས་ཆེད་མཁས་པ། དམག་དཔུང་ལས་ཕྱིར་བུད་པའི་མཚོ་དམག་གི་དམག་དཔོན་ཨེ་ཨར་ཐུའུ་ཨར་ཁི་ཡིས་ཉེ་སྔོན་བསྟན་དོན། ཨ་མེ་རི་ཁས་བྱང་ཆིངས་རྩ་འཛུགས་ཁྲོད་རང་གི་གོ་གནས་གཞན་ལས་ལྷག་པར་འདོད་ཡོད་པ་དང་། མནའ་འབྲེལ་དེ་བེད་སྤྱད་ནས་རང་ཉིད་ཀྱི་དམིགས་ཡུལ་མངོན་འགྱུར་བྱེད་བཞིན་ཡོད་ཟེར། 

ཨེ་ཨར་ཐུའུ་ཨར་ཁི་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ནི་སུའུ་ལེན་ལ་དམིགས་ནས་བཙུགས་པ་ཡིན་ཞིང་། སུའུ་ལེན་ཁ་ཐོར་དུ་སོང་རྗེས། བྱང་ཆིངས་རྩ་འཛུགས་ཀྱིས་འཇིགས་ཉེན་གྱི་མཚན་ཉིད་བསྒྱུར་བ་རེད། ཉེ་བའི་ལོ་འགའི་རིང་ལ། བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སི་འཇིགས་ཉེན་གསར་བར་རློམ་ཡོད་ཟེར། 

ཨེ་ཨར་ཐུའུ་ཨར་ཁི་ཡིས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཁྲོད། ཁོངས་གཏོགས་རྒྱལ་ཁབ་བར་གྱི་འབྲེལ་བ་དེ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་བརྩི་འཇོག ཐུན་མོང་ཁེ་ཕན་བཅས་ཀྱི་རྨང་གཞིའི་སྟེང་འཛུགས་དགོས་ཀྱང་། ཨ་མེ་རི་ཁའི་བྱང་ཆིངས་རྩ་འཛུགས་ཁྲོད་ཀྱི་བྱ་སྤྱོད་གང་རུང་ལས་ཁོངས་གཏོགས་རྒྱལ་ཁབ་དག་གི་འདྲ་མཉམ་རྩ་དོན་ལ་གཏོར་བརླག་བཏང་ཡོད་ཟེར། 

ཨེ་ཨར་ཐུའུ་ཨར་ཁི་ཡིས་བསྟན་དོན། ཐུར་ཁེ་གཅིག་སྟོང་དགུ་བརྒྱ་ང་གཉིས་ལོར་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་ཚུན་ལ། ཨ་མེ་རི་ཁའི་བར་གྱི་འབྲེལ་བར་སེམས་ཁུར་བྱེད་པ་དང་རང་གི་བསམ་ཚུལ་སོར་འཇོག་བྱས་ཡོད། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ཐེངས་མང་བོར་གནད་དོན་རབས་དང་རིམ་པའི་དབང་གིས་ཛ་དྲག་ཏུ་གྱུར་མྱོང་། ཐུར་ཁེ་ནི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡིན་ཡང་། ཐུར་ཁེའི་རྒྱལ་ནང་དུ་ཤེས་ཡོན་ཅན་དང་རིག་གནས་པ། བདེ་འཇགས་གནད་དོན་ལ་རྒྱུས་ལོན་ཡོད་པའི་ཐུར་ཁེའི་མི་མང་བོས་བྱང་ཆིངས་རྩ་འཛུགས་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར། 

ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་གླེང་སྐབས་ཨེ་ཨར་ཐུའུ་ཨར་ཁི་ཡིས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་བདེ་འཇགས་ཐད་ཀྱི་སེམས་ཁུར་སྣང་མེད་དུ་བསྐྱུར་ནས་ཤར་ཕྱོགས་སུ་རྒྱ་བསྐྱེད་པའི་བསམ་ཚུལ་ནི་དང་ལེན་བྱེད་ཐབས་མེད་པའི་ནོར་འཁྲུལ་གྱི་བྱ་སྤྱོད་ཅིག་རེད། འཇམ་འཐབ་མཇུག་སྒྲིལ་རྗེས། ཨ་མེ་རི་ཁ་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་གཞན་པ་མང་བོས་ཨུ་རུ་སིར་བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་བཀོད་སྒྲིག་དེ་ཤར་ཕྱོགས་སུ་རྒྱུན་བསྲིངས་མི་སྲིད་པ་ཁས་ལེན་བྱས་ཡོད་ཀྱང་། དམ་བཅའ་དེ་བརྩི་སྲུང་མ་བྱས་པ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་རེད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།