ཧན་གོའི་ལས་འགན་ཁུར་ལ་ཉེ་བའི་ཙུང་ཐུང་དབྱིན་ཞེ་ཡུའོ་ཡིས་འཐུས་ཚབ་ཚོགས་པ་འཇར་པན་དུ་མངགས་ནས་འབྲེལ་འདྲིས་བྱེད་རྒྱུ་རེད། 
2022.04.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 52

ཧན་གོའི་ཙུང་ཐུང་གི་འགན་ཁུར་ལ་ཉེ་བའི་དབྱིན་ཞེ་ཡུའོ་ཡི་མགྲིན་ཚབ་པས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། འཇར་པན་བར་གྱི་སྲིད་ཇུས་སོགས་ལ་གྲོས་མོལ་བྱེད་ཆེད། ཚེས་ཉེར་བཞི་ཉིན་ནས་བཟུང་འཇར་པན་དུ་རྒྱལ་ཚོགས་ཀྱི་གྲོས་མི་དང་ཆེད་མཁས་པས་གྲུབ་པའི་འཐུས་ཚབ་ཚོགས་པ་མངག་རྒྱུ་རེད་ཟེར། ཐེངས་འདིའི་འགྲུལ་བཞུད་ཚེས་ཉེར་བརྒྱད་ཉིན་བར་རྒྱུན་བསྲིང་རྒྱུ་ཡིན་ཞིང་། འཇར་པན་གྱི་ཕྱི་འབྲེལ་ལས་དོན་ཁང་སོགས་སྲིད་གཞུང་སྡེ་ཁག་དང་རྒྱལ་ཚོགས། དཔལ་འབྱོར་ལས་རིགས་ཀྱི་འབྲེལ་ཡོད་མི་སྣ་སོགས་དང་གྲོས་མོལ་བྱེད་རྒྱུ་རེད་ཟེར། 

བསྒྲགས་པ་ལྟར་ན། དབྱིན་ཞེ་ཡུའོ་ཡིས་ཟླ་འདིའི་ཚེས་གསུམ་ཉིན་ནས་བཅུ་གཅིག་ཉིན་བར་ཨ་མེ་རི་ཁར་འཐུས་ཚབ་ཚོགས་པ་མངགས་པ་དང་། འཇར་པན་ནི་འཚམས་འདྲི་བྱེད་སའི་རྒྱལ་ཁབ་གཉིས་པར་གྱུར། དབྱིན་ཞེ་ཡུའོ་ཡིས་དེའི་སྔོན་འཇར་པན་དང་ཧན་གོའི་འབྲེལ་བ་ལེགས་བཅོས་བྱེད་པའི་རྣམ་འགྱུར་བསྟན་ཡོད་ལ། འཐུས་ཚབ་ཚོགས་པས་ཐག་གཅོད་ཐོབ་མེད་པའི་ཧན་གོའི་སྔོན་ཆད་ཀྱི་ངལ་རྩོལ་པ་བཙན་བསྡུ་བྱས་པའི་གནད་དོན་སོགས་ཀྱི་ཐད་ནས་འཇར་པན་བར་འབྲེལ་འདྲིས་བྱེད་ཀྱང་སྲིད། 

མགྲིན་ཚབ་པ་དེས་བསྟན་དོན། ཁྲའོ་ཞན་བར་གྱི་སྲིད་ཇུས་དང་འབྲེལ་བའི་མཉམ་ལས་དང་ཧན་གོ་དང་འཇར་པན་གྱི་ཐག་གཅོད་ཐོབ་མེད་པའི་གནད་དོན་སོགས་ལ་རྨང་འདིང་བའི་ཕན་ནུས་ཐོབ་པར་རེ་སྒུག་བྱས་ཡོད་ཟེར། 

བསྒྲགས་པ་ལྟར་ན། སྲིད་འཛིན་ཏང་དུ་འགྱུར་ལ་ཉེ་བའི་རྒྱལ་དམངས་སྟོབས་ཤུགས་ཏང་གི་རྒྱལ་ཚོགས་ཀྱི་གྲོས་དཔོན་གཞོན་པ་ཀྲིན་ཀྲིན་ཧྲའོ་ཡིས་འཐུས་ཚབ་ཚོགས་པའི་ཚོགས་གཙོའི་འགན་ཁུར་རྒྱུ་ཡིན་པ་དང་། སྔོན་ཆད་ཏཱ་པན་གཞུང་ཚབ་དཔོན་གྱི་འགན་ཁུར་མྱོང་བའི་ཧན་གོ་དང་འཇར་པན་གྱི་གྲོས་མིའི་མནའ་འབྲེལ་གྱི་ལས་འཛིན་པ་ཅིན་ཧྲའོ་ཅི་ཡིས་ཚོགས་གཙོ་གཞོན་པའི་འགན་ཁུར་རྒྱུ་རེད། ཁོངས་མིར་ད་རུང་འཇར་པན་ལ་རྒྱུས་མངའ་ཆེ་བའི་ཧན་གོའི་རྒྱལ་བཙུགས་ཕྱི་འབྲེལ་སློབ་གླིང་གི་སྔོན་ཆད་ཀྱི་ཡོན་ཀྲང་དབྱིན་ཏི་མེན་དང་དེ་མིན་ཧྲིག་ཨར་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཕེའོ་ཀྲི་ཞི། ཧན་གོའི་ཕྱི་འབྲེལ་པུའུ་ཡི་སྔོན་ཆད་ཀྱི་མཐོ་རིམ་དཔོན་པོ་སོགས་འདུས། 

རྒྱུས་ལོན་བྱུང་བ་ལྟར་ན། ཧན་གོར་འཇར་གྱིས་ཟླ་ལྔ་བའི་ཚེས་བཅུ་ཉིན་གྱི་ཙུང་ཐུང་གི་ལས་འགན་ཁུར་བའི་མཛད་སྒོའི་སྟེང་རིམ་པ་ཇི་ལྟ་བུའི་མི་སྣ་མངགས་པར་དོ་སྣང་བྱེད་བཞིན་ཡོད་པས། འཐུས་ཚབ་ཚོགས་པས་འཇར་པན་སྲིད་གཞུང་བར་དོན་དེའི་ཐད་ནས་འབྲེལ་འདྲིས་བྱེད་ཀྱང་སྲིད།


བསོད་ནམས་ཚེ་རིང་གིས་བསྒྱུར།