ལེ་པཱ་ནུན་གྱི་ནང་སྲིད་བློན་ཆེན་པཱ་སཱ་མུའུ་མའོ་ལཱ་ཝེ་ཡིས་ཚེས་བཅུ་བདུན་ཉིན་གསར་དུ་བདམས་པའི་གྲོས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས། ལེ་པཱ་ནུན་གྱི་གསར་འགྱུར་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཧྲི་ཡེ་ཕྱོགས་ཁག་གི་ཀྲིན་ཀྲུའུ་ཏང་དང་དེའི་ཆབ་སྲིད་མནའ་མཐུན་གྲོགས་པོར་ཐོབ་པའི་ལས་གནས་ཕྱེད་གྲངས་ལས་བརྒལ་མེད་པ་དང་། གྲོས་ཁང་གི་ལས་གནས་མང་བོ་ཤོར་ཡོད་པ་རེད།
ལེ་པཱ་ནུན་གྱིས་ཚེས་བཅོ་ལྔ་ཉིན་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་ཞིང་། འདེམ་སྒུག་མི་སྣ་བདུན་བརྒྱ་དང་བཅོ་བརྒྱད་ཀྱིས་ལས་གནས་བརྒྱ་དང་ཉེར་བརྒྱད་འགྲན་རྩོད་བྱས་པ་དང་། འདེམ་ཤོག་འཕངས་ཚད་བརྒྱ་ཆའི་ཞེ་གཅིག་ཙམ་རེད། ལེ་པཱ་ནུན་གྱི་གྲོས་ཁང་ལ་བསྡོམས་པས་ལས་གནས་བརྒྱ་དང་ཉེར་བརྒྱད་ཡོད་ལ། རྩ་ཁྲིམས་ལྟར་ན་ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པ་དང་མུའུ་སི་ལིན་ལ་ཆ་སྙོམས་བགོ་བཤའ་བྱེད་དགོས། གསར་འགྱུར་དྲ་ཚིགས་ཀྱིས་ནང་སྲིད་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གསར་དུ་བདམས་པའི་གྲོས་མིའི་མིང་ཐོ་བསྒྲགས་པ་ལྟར་ན། ཀྲིན་ཀྲུའུ་ཏང་དང་དེའི་ཆབ་སྲིད་མནའ་མཐུན་གྲོགས་པོ་ཧྲི་ཡེ་ཕྱོགས་ཁག་གི་ཨ་མེད་ལེ་ལས་འགུལ་དང་། ཡེ་ཤུའི་ཆོས་ལུགས་སྲིད་ཏང་རང་དབང་རྒྱལ་གཅེས་ལས་འགུལ་སོགས་ལ་བསྡོམས་པས་ལས་གནས་དྲུག་ཅུ་ཙམ་ཐོབ་ཡོད་ཀྱང་ཕྱེད་གྲངས་བརྒལ་མེད་ལ། གྲོས་ཁང་གི་ལས་གནས་མང་བོ་ཤོར་ཡོད་ཟེར།
བསྒྲགས་པ་ལྟར་ན། ཡེ་ཤུའི་ཆོས་ལུགས་སྲིད་ཏང་ལེ་པཱ་ནུན་་སྟོབས་ཤུགས་ལ་ལས་གནས་བཅུ་དགུ་ཐོབ་པ་དང་། རང་དབང་རྒྱལ་གཅེས་ལས་འགུལ་ལ་ཐོབ་པའི་ལས་གནས་བཅུ་བདུན་ལས་བརྒལ་ནས་ལེ་པཱ་ནུན་གྲོས་ཁང་ཁྲོད་ཀྱི་ཆེས་ཆེ་བའི་སྲིད་ཏང་དུ་གྱུར། ཨ་མེད་ལེ་ལས་འགུལ་དང་ཀྲིན་ཀྲུའུ་ཏང་ལ་སོ་སོར་ལས་གནས་བཅོ་ལྔ་དང་བཅུ་གསུམ་ཐོབ་ཡོད། ཏི་ལུའུ་ཙི་ཕྱོགས་ཁག་གི་སྤྱི་ཚོགས་གོང་འཕེལ་ཏང་ལ་ལས་གནས་བརྒྱད་ཐོབ་ཡོད། དེ་ལས་གཞན་བཅོ་བསྒྱུར་ཕྱོགས་ཁག་གི་མི་སྒེར་བཅོ་ལྔ་གསར་དུ་བདམས་ཐོན་བྱུང་ཡོད།
ཞོང་ནེ་ཕྱོགས་ཁག་གི་སྔོན་ཆད་ཀྱི་ཙུང་ལི་སཱ་ཨ་ཏི་ཧཱ་ལི་ལི་ཡིས་ད་ལོའི་ཟླ་དང་པོར་གནས་སྐབས་ཆབ་སྲིད་འཚོ་བ་ལས་ཕྱིར་འབུད་རྒྱུ་ཁྱབ་བསྒྲགས་བྱས་པའི་དབང་གིས་ཁོས་མགོ་ཁྲིད་པའི་ཞོང་ནེ་ཕྱོགས་ཁག་གི་ཆེས་ཆེ་བའི་སྲིད་ཏང་མ་འོངས་འཐབ་ཕྱོགས་ཐེངས་འདིའི་གྲོས་ཁང་གི་འདེམ་བསྐོའི་ནང་ཞུགས་མེད།
དབྱེ་ཞིབ་མི་སྣས་བལྟས་ན། ཏང་ཁག་དང་མནའ་འབྲེལ་གང་རུང་གིས་གྲོས་ཁང་ཁྲོད་ཕྱེད་གྲངས་ཡན་ཟིན་མེད་པས། ལེ་པཱ་ནུན་གྱི་མ་འོངས་པའི་ཆབ་སྲིད་གནས་བབ་ལ་སྔར་བཞིན་འགྱུར་ལྡོག་མི་ཉུང་བ་འབྱུང་སྲིད་པར་འདོད།
བསོད་ནམས་ཚེ་རིང་གིས་བསྒྱུར།