ཕེ་རུའི་ཙུང་ཐུང་ཁཱ་སི་ཏིས་ལོས་ཀྱིས་ཚེས་ལྔ་ཉིན་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཐའོ་ལོས་སི་ཡིས་སྤྲད་པའི་ལས་འགན་ཁུར་མཚམས་འཇོག་པའི་དགོངས་ཞུ་དང་ལེན་མ་བྱས་པ་ཁྱབ་བསྒྲགས་བྱས་པ་དང་། ཐའོ་ལོས་སི་ཡིས་མུ་མཐུད་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་རྒྱུ་རེད།
ཁཱ་སི་ཏིས་ལོས་ཀྱིས་ཉིན་དེར་དྲ་ཚིགས་སུ་རྩོམ་ཡིག་སྤེལ་ཏེ། ངས་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཐའོ་ལོས་སི་ཡི་ལས་འགན་ཁུར་མཚམས་འཇོག་པའི་དགོངས་ཞུ་དང་ལེན་མ་བྱས་པ་དང་། ཁོ་རང་གིས་མུ་མཐུད་དུ་རྒྱལ་ཁབ་ལ་བྱ་བ་བསྒྲུབ་རྒྱུ་ཁས་ལེན་བྱས་ཡོད་ཟེར། ཉིན་དེར་ཐའོ་ལོས་སི་ཡིས་མུ་མཐུད་དུ་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་རྒྱུ་ཁས་ལེན་བྱས་རྗེས། ཁཱ་སི་ཏིས་ལོས་ཀྱིས་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མི་གསར་བ་དྲུག་བསྐོ་འཇོག་བྱས་པར་མ་ཟད། ཙུང་ཐུང་བཞུགས་ཤག་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་མཛད་སྒོ་སྤེལ།
བསོད་ནམས་ཚེ་རིང་གིས་བསྒྱུར།