ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན། PSLVརྟགས་ཅན་གྱི་འཁོར་སྐར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཞིག་རྒྱ་གར་ཤར་ལྷོའི་ཕྱོགས་ཀྱི་སི་ལི་ཧི་ལི་ཀི་ཏཱ་གླིང་ཕྲན་གྱི་སཱ་ཏིས་ཧྲི་ཏཱ་ཝན་མཁའ་འགྲུལ་ལྟེ་གནས་ནས་གཏོང་འཕེན་བྱས་ཏེ་བར་སྣང་དུ་འཕགས།
རྒྱ་གར་གྱི་བར་སྣང་ཞིབ་འཇུག་རྩ་འཛུགས་ཀྱིས་ཚེས་ཉེར་དྲུག་ཉིན་ཁྱབ་བསྒྲགས་བྱས་དོན། རྒྱ་གར་གྱིས་ཉིན་དེརPSLV-C54རྟགས་ཅན་གྱི་འཁོར་སྐར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཞིག་བེད་སྤྱད་དེ་འཁོར་སྐར་དགུ་བདེ་བླག་ངང་གཏོང་འཕེན་བྱས་པ་དང་། གཙོ་བོ་སའི་གོ་ལའི་ལྟ་ཞིབ་འཁོར་སྐརEOS-06དང་འཁོར་སྐར་ཆུང་བ་བརྒྱད་འདུས།
སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དེ་ཚེས་ཉེར་དྲུག་ཉིན་གྱི་ཉིན་གུང་རྒྱ་གར་ཤར་ལྷོའི་ཕྱོགས་ཀྱི་སི་ལི་ཧི་ལི་ཀི་ཏཱ་གླིང་ཕྲན་གྱི་སཱ་ཏིས་ཧྲི་ཏཱ་ཝན་མཁའ་འགྲུལ་ལྟེ་གནས་ནས་གཏོང་འཕེན་བྱས་ཏེ་བར་སྣང་དུ་འཕུར། རྒྱ་གར་བར་སྣང་ཞིབ་འཇུག་རྩ་འཛུགས་ཀྱི་ཀྲུའུ་ཞི་སོ་མཱ་ནཱ་ཐི་ཡིས་བཤད་རྒྱུར། མེ་ཤུགས་འཕུར་མདའ་དེ་བར་སྣང་དུ་འཕགས་ནས་སྐར་མ་བཅུ་བདུན་གྱི་རྗེས་སུ་སའི་གོ་ལའི་ལྟ་ཞིབ་འཁོར་སྐར་དེ་བདེ་བླག་ངང་མེ་ཤུགས་འཕུར་མདའ་ལས་གྱེས་ནས་སྔོན་ནས་གཏན་འཁེལ་བྱས་པའི་རྒྱུ་ལམ་དུ་ཞུགས་ཡོད། དེའི་རྗེས་སུ་དུས་ཚོད་གཉིས་ཙམ་གྱི་ཡུན་ལ། མེ་ཤུགས་འཕུར་མདའ་དེས་མཐོ་ཚད་ལེགས་སྒྲིག་བྱས་ཏེ་འཁོར་སྐར་གཞན་པ་དག་དགོས་ངེས་ཀྱི་རྒྱུ་ལམ་དུ་ཁྱེར་བ་རེད་ཟེར།
རྒྱ་གར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིར་བདེ་བླག་ངང་གཏོང་འཕེན་བྱས་པའི་ས་གོ་ལའི་ལྟ་ཞིབ་འཁོར་སྐརEOS-06ནི་ཧིན་རྡུ་རྒྱ་མཚོའི་འཁོར་སྐར་མ་ལག་གི་རབས་གསུམ་པ་ཡིན་ལ། རྒྱལ་ཁབ་རང་གི་རྒྱ་མཚོའི་ལྟ་ཞིབ་ནུས་པར་ཤུགས་སྣོན་པའི་ཆེད་དུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།