པཱ་ཞིའི་ལྷོ་ཕྱོགས་ས་ཁུལ་དུ་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་མི་མང་བོ་རྐྱེན་ལམ་དུ་ཤོར་བའམ་གར་སོང་རྙེད་མེད། 
2022.12.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

པཱ་ཞིའི་ལྷོ་ཕྱོགས་ཀྱི་པཱ་ལཱ་ནཱ་མངའ་སྡེའི་མེ་གསོད་སྡེ་ཁག་གིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་བཤད་རྒྱུར། མངའ་སྡེ་དེའི་བཀའ་ལཱ་ཐུའུ་པཱ་གྲོང་ཁྱེར་གྱི་མྱུར་བགྲོད་གཞུང་ལམ་ཞིག་ཏུ་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་རླངས་འཁོར་བཅུ་དྲུག་འདམ་གསེག་གིས་མནན་པ་དང་། མི་གཉིས་རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་ཡང་མི་མང་བོ་གར་སོང་རྙེད་མེད་ཟེར། 

པཱ་ལཱ་ནཱ་མངའ་སྡེའི་མེ་གསོད་སྡེ་ཁག་གི་འགན་ཁུར་བས་ཚེས་སུམ་ཅུ་ཉིན་བཤད་རྒྱུར། མིག་སྔར་ད་རུང་འདམ་གསེག་འོག་ཏུ་མནན་པའི་རླངས་འཁོར་ནང་དུ་མི་ག་ཚོད་ཡོད་པ་གསལ་བོར་མི་ཤེས་ཟེར། 

ས་དེའི་རྒུད་སྐྱོབ་མི་སྣས་དམར་ཕྱིའི་བརྙན་མིག་དང་མི་བསྡད་མེད་པའི་གནམ་གྲུ་སོགས་ཚན་རྩལ་མཐོན་པོའི་སྒྲིག་ཆས་བེད་སྤྱད་དེ་འཚོལ་ཞིབ་བྱེད་བཞིན་ཡོད་ཀྱང་། སྔར་བཞིན་ཚེ་སྲོག་གི་སྣང་ཚུལ་ཡོད་པ་རྙེད་མེད། རྒུད་སྐྱོབ་མི་སྣས་ཚེས་ཉེར་དགུ་ཉིན་འདས་པོའི་བེམ་པོ་གཉིས་རྙེད། 

པཱ་ཞིའི་གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་ཚེས་སུམ་ཅུ་ཉིན་བཀའ་ལཱ་ཐུའུ་པཱ་གྲོང་ཁྱེར་དང་བཅས་པའི་པཱ་ལཱ་ནཱ་མངའ་སྡེའི་མཚོ་ཁོངས་ས་ཁུལ་དུ་བསྟུད་མར་དྲག་ཆར་འབབ་ཉེན་ཡོད་པའི་ཉེན་བརྡ་བཏང་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།