ཕཱ་ཁི་སི་ཐན་གྱི་སོལ་གཏེར་ཞིག་ཏུ་འགས་གཏོར་བྱུང་ནས་མི་བདུན་རྐྱེན་ལམ་དུ་ཤོར། 
2022.12.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་ཁའེ་པའོ་ཨར་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་སོལ་གཏེར་ཞིག་ཏུ་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་འགས་གཏོར་དོན་རྐྱེན་བྱུང་སྟེ། གཏེར་འདོན་བཟོ་བ་བདུན་རྐྱེན་ལམ་དུ་ཤོར་བ་དང་། བཟོ་བ་བཞིར་རྨས་ཕོག་ཟེར། 

ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། འགས་གཏོར་དོན་རྐྱེན་དེ་ཁའེ་པའོ་ཨར་ཕུའུ་ཧྲི་ཐུའུ་ཞིང་ཆེན་གྱི་ཨོ་ལེ་ཀི་ཙེ་ས་ཁུལ་ནས་བྱུང་བ་དང་། དོན་རྐྱེན་དེའི་འབྱུང་རྐྱེན་ནི་གཏེར་ཁྲོན་ནང་གི་དུག་རླངས་གཅིག་འདུས་ཀྱིས་འགས་གཏོར་བྱུང་བ་རེད་ཟེར། 

རྒུད་སྐྱོབ་མི་སྣ་དག་དོན་རྐྱེན་བྱུང་རྗེས་མྱུར་མོར་ཡུལ་དངོས་སུ་འབྱོར་ནས་རྒུད་སྐྱོབ་བྱ་བ་སྤེལ་བ་དང་། མིག་སྔར་རྨས་མ་དང་འདས་པོའི་བེམ་པོ་དག་ཉེ་འདབས་ཀྱི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་པ་རེད། 

བདེ་འཇགས་ཚད་གཞི་དམའ་བ་དང་རླུང་རྒྱུ་བའི་སྒྲིག་ཆས་ཞན་པ་སོགས་ཀྱི་རྒྱུ་རྐྱེན་དབང་གིས་ཕཱ་ཁི་སི་ཐན་དུ་གཏེར་ཁའི་འགས་གཏོར་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།