བྱང་ཆིངས་རྩ་འཛུགས་ཀྱིས་མུ་མཐུད་དུ་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་རྒྱུའི་ཚུལ་བསྟན། 
2022.12.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཚོགས་ཡུན་ཉིན་གཉིས་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་དེ་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་རོ་མཱ་ནི་ཡཱའི་རྒྱལ་ས་པུའུ་ཅཱ་ལེ་སི་ཐི་ནས་གྲོལ། གྲོས་ཚོགས་ནས་བྱང་ཆིངས་རྩ་འཛུགས་ཀྱི་ཕྱོགས་བསྡུས་རོགས་སྐྱོར་འཆར་གཞི་ལ་བརྟེན་ནས་ཝུའུ་ཁི་ལན་ལ་འབར་རྫས་དང་གློག་འདོན་འཕྲུལ་ཆས་སོགས་གནོད་པ་མེད་པའི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་བསྟན་དོན། ངེས་པར་དུ་ཉིང་རྡུལ་ནུས་པའི་རྒྱལ་ཁབ་ཆེན་མོའི་བར་དུ་རྣམ་པ་གང་རུང་གི་དམག་དོན་འཁྲུག་རྩོད་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར། 

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་བྱང་ཆིངས་རྩ་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱིས་ངེས་པར་དུ་ཝུའུ་ཁི་ལན་ལ་དམག་དོན་རྒྱབ་སྐྱོར་དང་ཁྱད་པར་དུ་མཁའ་སྲུང་སྒྲིག་ཆས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པ་དང་། བྱང་ཆིངས་རྩ་འཛུགས་ཀྱིས་ད་རུང་གང་ནུས་ཅི་ལྕོགས་ཀྱིས་ཝུའུ་ཁི་ལན་ལ་དཔལ་འབྱོར་དང་དངུལ་ལོར། མི་ཆོས་རིང་ལུགས་བཅས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར། ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་གནད་དོན་གླེང་སྐབས་སི་ཐའོ་ཨར་ཐིན་པེ་ཀི་ཡིས་བཤད་རྒྱུར། གནད་དོན་དེར་གྲོས་བསྡུར་བྱེད་སྔོན་འགྲོའི་ཆ་རྐྱེན་ནི་ཝུའུ་ཁི་ལན་ལ་རྒྱལ་ཁ་ཐོབ་དགོས་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། ཁོངས་གཏོགས་མིན་པའི་རྒྱལ་ཁབ་དང་དངོས་གཞིའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་བར་དུ་གདམ་གསེས་མང་བོ་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།