ལེ་པཱ་ནུན་ལྟ་སྐྱོང་ཙུང་ལི་མུས་ཁཱ་ཐིས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཀི་ལན་ཏིས་དང་གྲོས་མོལ་བྱེད་སྐབས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལེ་པཱ་ནུན་ལ་རོགས་རམ་བྱས་ཏེ། སི་རི་ཡཱའི་ཡུལ་གྱར་བ་དག་བདེ་འཇགས་ངང་ཕྱིར་རང་ཡུལ་དུ་ལོག་པར་འགན་སྲུང་བྱེད་དགོས་ཟེར།
ཙུང་ལིའི་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། མུས་ཁཱ་ཐིས་ཀྱིས་པེ་རུ་ཐི་རུ་ཡོད་པའི་ཙུང་ལིའི་བཞུགས་ཤག་ནས་ཀི་ལན་ཏིས་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ཡུལ་གྱར་བའི་གནད་དོན་ནི་ལེ་པཱ་ནུན་གྱི་ཁུར་བོ་ཆེན་པོ་ཞིག་རེད་ཟེར། ཡུལ་གྱར་བྱེད་པའི་སི་རི་ཡཱའི་མི་རྣམས་རིམ་བཞིན་ཕྱིར་རང་ཡུལ་དུ་ལོག་ཏུ་འཇུག་པ་ནི་མིག་སྔའི་ལས་འགན་གཙོ་བོ་ཡིན་ཟེར།
ཀི་ལན་ཏིས་ཀྱིས་བསྟན་དོན། ལེ་པཱ་ནུན་གྱིས་སི་རི་ཡཱའི་ཡུལ་གྱར་བ་མང་བོ་དང་ལེན་བྱས་པ་ལས་གནོན་ཤུགས་ཆེན་པོ་བྱུང་ཡོད་ཟེར། ཁོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལེ་པཱ་ནུན་མི་དམངས་དང་དེའི་མངའ་ཁོངས་ཀྱི་མི་ཚང་མར་མི་ཆོས་རིང་ལུགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་ཁང་གིས་སི་རི་ཡཱའི་སྲིད་གཞུང་བར་མཉམ་ལས་བྱས་ཏེ་སི་རི་ཡཱའི་ཡུལ་གྱར་བ་ཕྱིར་རང་ཡུལ་དུ་ལོག་པའི་བཀག་རྒྱ་སེལ་བཞིན་ཡོད་ཀྱང་། ཡུལ་གྱར་བའི་ཁྱིམ་གཞིས་ལ་གཏོར་བརླག་ཐེབས་པ་དང་སི་རི་ཡཱའི་རྒྱལ་ནང་གི་དཔལ་འབྱོར་ལ་དཀའ་ཁག་ཆེ་བ་སོགས་ཀྱི་གནད་དོན་མང་བོར་འཕྲད་ཡོད་ཟེར།
ལེ་པཱ་ནུན་གྱི་མངའ་ཁོངས་སུ་མི་གྲངས་ས་ཡ་དྲུག་ཙམ་ཡོད་པ་དང་། དེའི་ནང་ས་ཡ་གཅིག་ཙམ་ནི་མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་ཁང་དུ་ཐོ་འགོད་བྱས་པའི་སི་རི་ཡཱའི་ཡུལ་གྱར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།