འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་གཉིས་ཉིན་བསྟན་དོན། ཨོ་མུས་ཁེ་རོན་ནད་དུག་སྔར་བཞིན་འཛམ་གླིང་ཡོངས་སུ་རྒྱ་ཆེར་མཆེད་བཞིན་ཡོད་པས། མིག་སྔར་ད་རུང་པྲོག་གསར་གློ་ཚད་རིམས་ནད་ཀྱི་བྲེལ་མྱུར་དུས་རིམ་མཇུག་བསྒྲིལ་བ་ཁྱབ་སྒྲོག་བྱེད་པའི་དུས་ལ་བབས་མེད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚོད་དཔག་བྱས་ན། ནད་དུག་འགོས་པའམ་ཡང་ན་འགོག་སྨན་བརྒྱབ་པའི་དབང་གིས་མིག་སྔར་འཛམ་གླིང་སྟེང་ཉུང་མཐར་ཡང་བརྒྱ་ཆའི་དགུ་བཅུའི་མི་གྲངས་ལ་པྲོག་གསར་གློ་ཚད་ཀྱི་ནད་དུག་འགོག་པའི་ནུས་པ་ངེས་ཅན་བྱུང་ཡོད་ཟེར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་གཉིས་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ང་ཚོ་ད་ལྟ་པྲོག་གསར་གློ་ཚད་རིམས་ནད་ཀྱི་བྲེལ་མྱུར་དུས་རིམ་མཇུག་བསྒྲིལ་བ་ཁྱབ་སྒྲོག་བྱེད་པའི་དུས་དང་བར་ཐག་ཇེ་ཉེར་སོང་ཡོད་ཀྱང་། ད་རུང་དུས་ལ་བབས་མེད། ནད་དུག་གི་ལྟ་ཞིབ་དང་ཚད་འཇལ། འགོག་སྨན་རྒྱག་པ་སོགས་ཀྱི་ཐད་སྔར་བཞིན་བར་ཁྱད་ཡོད་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྲེལ་མྱུར་ལས་གཞིའི་ལག་རྩལ་གྱི་འགན་ཁུར་བ་ཧྥན་ཁི་ཨར་ཁི་ཧའོ་ཧྥུའུ་ཡིས་བཤད་རྒྱུར། གཟའ་འཁོར་སྔོན་མ་ཁོ་ནར་རྒྱལ་ཁབ་སོ་སོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་སྙན་ཞུ་བྱས་པའི་ནད་པ་ས་ཡ་གཉིས་དང་འབུམ་ལྔ་ལས་བརྒལ་ཡོད། ལོ་དྲུག་ཅུའི་ཡན་གྱི་མི་དང་། ནད་ཡོད་པ་དང་ནད་འགོག་ནུས་པ་ཞན་པའི་མི་ཚོགས། ལས་ཡུལ་དང་པོའི་སྨན་བཅོས་མི་སྣ་སོགས་ཉེན་ཁ་ཆེ་བའི་མི་ཚོགས་ཀྱི་འགོག་སྨན་བརྒྱབ་ཚད་བརྒྱ་ཆའི་བརྒྱའི་དམིགས་འབེན་མངོན་འགྱུར་བྱས་མེད་པས། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་དོ་སྣང་བྱེད་དགོས་ཟེར།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲོད་བསྟེན་བྲེལ་མྱུར་ལས་གཞིའི་ལག་བསྟར་ཀྲུའུ་རིན་མེད་ཁི་ཨར་རོས་ཨན་གྱིས་བསྟན་དོན། ཨོ་མུས་ཁེ་རོན་ནད་དུག་གི་མཆེད་ནུས་ཧ་ཅང་ཆེ་བས། རྒྱལ་ཁབ་སོ་སོས་ངེས་པར་དུ་དེའི་ཉེན་ཁར་དཔྱད་འཇོག་དང་དེའི་རིམས་འགོག་ཡོ་བྱད་ལ་བརྟེན་ནས་རིམས་ནད་འགོག་སྡོམ་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།