རྒྱལ་ཁབ་མང་བོའི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བས་བློ་མཐུན་ཅང་ཙེ་མེན་སྐུ་གཤེགས་པར་མྱ་ངན་ཞུས། 
2022.12.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

རྒྱལ་ཁབ་མང་བོའི་མགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བས་མུ་མཐུད་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་གཏོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས། བློ་མཐུན་ཅང་ཙེ་མེན་སྐུ་གཤེགས་པར་མྱ་ངན་ཞུས། 

ཡོ་ནན་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་དང་། ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་རོན་ཁྲུན་ཧྥུའུ། ཙུང་ལི་ཧྥན་མེན་ཀྲིན། རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིན་ཧོས་བཅས་ཀྱིས་བསྟན་དོན། བློ་མཐུན་ཅང་ཅེ་མེན་ནི་ཀྲུང་གོའི་ཏང་དང་རྒྱལ་ཁབ་ཀྱི་ཕུལ་དུ་བྱུང་བའི་མགོ་ཁྲིད་པ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལས་དོན་ཐད་བྱས་རྗེས་ཁྱད་དུ་འཕགས་པ་བཞག་ཡོད། བློ་མཐུན་ཅང་ཙེ་མེན་དང་ཡོ་ནན་གྱི་མགོ་ཁྲིད་པས་ཡུན་རིང་གཏན་འཇགས་དང་མ་འོངས་པར་ཁ་ཕྱོགས་པ། ཁྱིམ་མཚེས་མཛའ་མཐུན། ཕྱོགས་ཡོངས་མཉམ་ལས་བཅས་ཡིག་འབྲུ་བཅུ་དྲུག་གི་བྱེད་ཕྱོགས་གཏན་འབེབས་བྱས་པ་དང་། ཡོ་ནན་དང་ཀྲུང་གོ་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ། བློ་མཐུན་བཟང་བོ་བཅས་བྱེད་དགོས་པའི་ཐུགས་རེ་བཏོན་པ་དེས་ཏང་ཁག་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བ་དང་གྲུབ་འབྲས་གལ་ཆེན་ལོན་པར་ཁ་ཕྱོགས་གསལ་བོར་བསྟན་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལས་དོན་ཁྲོད་སྔར་ལས་ཆེ་བའི་གྲུབ་འབྲས་གསར་བ་ལོན་ཐུབ་པར་ཡིད་ཆེས་ཡོད་ཟེར། 

ནེ་པཱ་ལཱའི་ཙུང་ཐུང་པན་ཏཱ་ལི་ཡིས་བསྟན་དོན། ཀྲུའུ་ཞི་ཅང་ཙེ་མེན་ནི་ཕུལ་དུ་བྱུང་བའི་མགོ་ཁྲིད་པ་དང་མིག་རྒྱང་རིང་བའི་ཆབ་སྲིད་པ་ཞིག་ཡིན་ལ། ཀྲུང་གོའི་རྒྱལ་སྤྱིའི་གོ་གནས་མཐོར་འདེགས་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་ཡོད། ནེ་པཱ་ལཱ་ཡིས་ཐོག་མཐའ་བར་གསུམ་དུ་ཀྲུའུ་ཞི་ཅང་ཙེ་མེན་གྱིས་ནེ་པཱ་ལཱ་དང་ཀྲུང་གོའི་ཁྱིམ་མཚེས་འབྲེལ་བ་སྲ་བརྟན་དུ་གཏོང་བའི་ཆེད་བཞག་པའི་བྱས་རྗེས་དེ་ཡིད་ལ་དམ་པོར་འཛིན་ངེས་ཡིན་ཟེར། 

སོ་ཏི་ཨ་རབ་ཀྱི་རྒྱལ་བོ་སཱ་ལེ་མན་དང་། རྒྱལ་རྒྱུད་དང་དབུ་བཞུགས་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་བའི་མུའུ་ཧན་མའོ་ཏི་ཡིས་བསྟན་དོན། ཀྲུའུ་ཞི་ཅང་ཙེ་མེན་སྐུ་གཤེགས་པར་མྱ་ངན་ཞུ་བ་དང་། ཁོང་གི་ཁྱིམ་མི་དང་མཛའ་མཐུན་ལྡན་པའི་ཀྲུང་གོའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན་ཟེར། 

དབྱི་སི་རལ་གྱི་ཙུང་ཐུང་ཧི་ཨར་ཙོ་ཀི་ཡིས་བསྟན་དོན། སྐུ་ཞབས་ཅང་ཙེ་མེན་གྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཡོད། དབྱི་སི་རལ་མི་དམངས་ཀྱིས་ཁོང་གིས་དབྱི་སི་རལ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་པ་བརྗེད་མི་སྲིད་ཟེར། 

སེ་ཧྲི་ཨར་གྱི་ཙུང་ཐུང་ལཱ་མུའུ་ཁཱ་ལཱ་ཝང་གིས་བསྟན་དོན། སྐུ་ཞབས་ཅང་ཙེ་མེན་གྱིས་ཀྲུང་གོའི་སྣེ་ཁྲིད་དེ་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་ཀྱི་བཅོས་བསྒྱུར་མངོན་འགྱུར་བྱས་ཏེ། འཛམ་གླིང་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བླངས་ཡོད། སྐུ་ཞབས་ཅང་ཙེ་མེན་གྱིས་ད་ལྟའི་ཨ་ཧྥེ་རི་ཁ་གླིང་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་འབྲེལ་བར་རྨང་གཞི་བཟང་བོ་བཏིང་ཡོད་ཟེར། 

ཨིག་ལི་ཐི་ལི་ཡཱའི་ཙུང་ཐུང་དབྱེ་སཱ་ཡཱ་སི་ཡིས་བསྟན་དོན། ཀྲུའུ་ཞི་ཅང་ཙེ་མེན་གྱི་མིག་རྒྱང་རིང་བ་དང་བློ་གྲོས་ཀྱིས་ཀུན་ནས་ཕྱུག ཀྲུང་གོའི་ལོ་ངོ་བཅུ་ཕྲག་འགའི་རིང་དཔལ་འབྱོར་མགྱོགས་མྱུར་ངང་འཕར་སྣོན་འབྱུང་བ་དང་རྒྱལ་སྤྱིའི་གོ་གནས་མངོན་གསལ་གྱིས་མཐོར་འདེགས་བྱེད་པའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར། 

སོ་ལོ་མིན་གླིང་ཚོམས་ཀྱི་ཙུང་ལི་སོ་ཅཱ་ཝ་ལོས་ཀྱིས་བསྟན་དོན། ཀྲུའུ་ཞི་ཅང་ཙེ་མེན་ནི་ཕུལ་དུ་བྱུང་བའི་ཀྲུང་གོའི་མགོ་ཁྲིད་པ་ཞིག་ཡིན། སོ་ལོ་མིན་གླིང་ཚོམས་སྲིད་གཞུང་དང་མི་དམངས་དག་ཀྲུང་གོའི་མི་དམངས་དང་མཉམ་དུ་ལངས་ཏེ། མཉམ་དུ་རླབས་ཆེ་བའི་མགོ་ཁྲིད་པ་དེ་སྐུ་གཤེགས་པར་མྱ་ངན་ཞུ་བཞིན་ཡོད་ཟེར། 

འཇར་མན་གྱི་ཙུང་ཐུང་ཧྲི་ཐེ་ཡུན་མེད་ཨར་གྱིས་བསྟན་དོན། ཀྲུའུ་ཞི་ཅང་ཙེ་མེན་གྱི་འགན་ཡུན་ནང་ཀྲུང་གོར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ཁོང་གི་མཚན་མིང་དེ་དུས་གཏན་དུ་ཀྲུང་གོའི་དཔལ་འབྱོར་གྱི་འཕུར་སྐྱོད་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ་ཞུགས་པར་དམ་དུ་སྦྲེལ་ཡོད། ང་ཚོས་ཁོང་གིས་འཇར་མན་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འབད་འབུངས་ཧུར་ལེན་བྱས་པ་བརྗེད་མི་སྲིད་ཟེར། 

ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ཡིས་བསྟན་དོན། སྐུ་ཞབས་ཅང་ཙེ་མེན་གྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་འཕུར་སྐྱོད་དང་བཅོས་བསྒྱུར་སྒོ་འབྱེད་ལས་དོན་ཐད་བཞག་པའི་བྱས་རྗེས་དེ་ཇི་སྲིད་བར་དུ་མི་རྣམས་ཀྱི་ཡིད་ལ་དམ་པོར་འཛིན་སྲིད་ཟེར། 

ཁི་ཝེ་ཐིའི་མགོ་ཁྲིད་པ་ནཱ་ཝ་ཧྥུའུ་དང་། ཁི་ཝེ་ཐིའི་རྒྱལ་རྒྱུད་མུས་ཧྲ་ལེ། ཧྥོ་ཏི་ཅོ་ཡི་ཙུང་ཐུང་ནེ་ཝེ་སི། ཁཱ་མེ་ལུང་གི་ཙུང་ཐུང་པུས་ཡཱ། ཨ་ཧྥེ་རི་ཁ་དབུས་མའི་ཙུང་ཐུང་ཐུའུ་ཝ་ཏི་ལཱ། ཁི་མའོ་ལོ་ཡི་ཙུང་ཐུང་ཨ་ཀྲ་ལེ། ཨེ་ཙེ་ཨོ་ཕི་ཡཱའི་ཙུང་ཐུང་སཱ་ཧི་ལེ་བོ་ཁི། ཀུའེ་ནེ་ཡཱ་པུ་སོའི་ཙུང་ཐུང་ཨིན་པཱ་ལོ། མའོ་སིང་པུས་ཁིའི་ཙུང་ཐུང་ཉིག་ཞི། ནེ་ཀྲིར་གྱི་ཙུང་ཐུང་པཱ་ཙུའུ་མུའུ། སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨར་ཧན། ཐང་ཀའི་རྒྱལ་བོ་ཐུའུ་ཕུའུ་སྐུ་ཕྲེང་དྲུག་པ། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཁཱ་ཞི་སི། ཧྥུན་ལན་གྱི་ཙུང་ཐུང་ནེ་ནེ་སི་ཐའོ། ནོར་ཝེའི་རྒྱལ་བོ་ཧཱ་ལཱ་ཨར་སྐུ་ཕྲེང་ལྔ་བ། ཨེ་སོ་ནི་ཡཱའི་ཙུང་ཐུང་ཁཱ་ལི་སི། ནེ་པཱ་ལཱའི་ཙུང་ལི་ཏི་ཝུའུ་ཕཱ། ཨན་ཐིས་བཀའ་དང་པཱ་པུའུ་ཏཱའི་ཙུང་ལི་པུའུ་ལིང་། ཉོ་ཚོང་འཕེལ་རྒྱས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀི་ལིན་སི་ཕན། རྒྱལ་སྤྱིའི་གློག་འཕྲིན་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀྲའོ་ཧིག་ལིན། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐུན་མོང་ཚོགས་པ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཐུའུ་ལོས་སོགས་ཀྱིས་བློ་མཐུན་ཅང་ཙེ་མེན་སྐུ་གཤེགས་པའི་ཐད་ནས་བློ་མཐུན་ཅང་ཙེ་མེན་གྱི་ཁྱིམ་མི་དང་། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་སྲིད་གཞུང་། ཀྲུང་གོའི་མི་དམངས་བཅས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུས། 


བསོད་ནམས་ཚེ་རིང་གིས་བསྒྱུར།