མཱ་ལེ་ཞི་ཡཱའི་སྲིད་འཛིན་ལས་ཁུངས་གསར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར། 
2022.12.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། མཱ་ལེ་ཞི་ཡཱའི་ཆེས་མཐོའི་གཙོ་འཛིན་ཨ་པུའུ་ཏུའུ་ལཱ་དང་ཙུང་ལི་ཨན་ཝ་ཨར་གྱིས་ཅི་ལུང་ཕའོ་རྒྱལ་བོའི་ཕོ་བྲང་ནས་སྲིད་འཛིན་ལས་ཁུངས་གསར་བའི་ཁོངས་མི་དང་མཉམ་དུ་པར་བླངས། 

ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། མཱ་ལེ་ཞི་ཡཱའི་ཅི་ལུང་ཕའོ་ནས། མཱ་ལེ་ཞི་ཡཱའི་སྲིད་འཛིན་ལས་ཁུངས་གསར་བའི་ཁོངས་མིས་མཱ་ལེ་ཞི་ཡཱའི་ཆེས་མཐོའི་གཙོ་འཛིན་ཨ་པུའུ་ཏུའུ་ལཱའི་མདུན་དུ་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

མཱ་ལེ་ཞི་ཡཱའི་སྲིད་འཛིན་ལས་ཁུངས་གསར་བའི་ཁོངས་མིས་ཚེས་གསུམ་ཉིན་རྒྱལ་ས་ཅི་ལུང་ཕའོ་ཡི་རྒྱལ་བོའི་ཕོ་བྲང་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར། མཱ་ལེ་ཞི་ཡཱའི་ཆེས་མཐོའི་གཙོ་འཛིན་ཨ་པུའུ་ཏུའུ་ལཱ་དང་ལས་འགན་ཁུར་བའི་ཙུང་ལི་ཨན་ཝ་ཨར་གཉིས་མཛད་སྒོར་ཞུགས། 

ཨན་ཝ་ཨར་གྱི་སྲིད་འཛིན་ལས་ཁུངས་སུ། ཙུང་ལི་གཞོན་པ་གཉིས་ཀྱི་ལས་འགན་དེ་སོ་སོར་རྒྱལ་དམངས་འཐབ་ཕྱོགས་ཀྱི་མཱ་ལེ་མི་རིགས་གཅིག་གྱུར་ལས་ཁུངས་ཀྱི་ཀྲུའུ་ཞི་ཧཱ་མུས་ཏིས་དང་། ཧྲ་ལའོ་ཡའོ་སྲིད་ཏང་མནའ་འབྲེལ་གྱི་ཡུག་སུའུ་ཧྥུའུ་གཉིས་ཀྱིས་ཁུར་དགོས་པ་དང་། ཨན་ཝ་ཨར་གྱིས་ནོར་སྲིད་པུའུ་ཀྲང་གི་ལས་འགན་ཞོར་དུ་ཁུར་ཡོད། ཁཱ་ཏིས་ཨར་གྱིས་ཕྱི་འབྲེལ་བློན་ཆེན་གྱི་འགན་ཁུར་ཡོད་ལ། ཧཱ་སིང་གིས་རྒྱལ་སྲུང་པུའུ་ཀྲང་གི་འགན་ཁུར་ཡོད། 

མཱ་ལེ་ཞི་ཡཱའི་རྒྱལ་ཁབ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཨན་ཝ་ཨར་གྱིས་ཚེས་གཉིས་ཉིན་གྱི་དགོང་མོར་སྲིད་འཛིན་ལས་ཁུངས་གསར་བའི་མིང་ཐོ་ཁྱབ་སྒྲོག་བྱེད་སྐབས་བསྟན་དོན། སྲིད་གཞུང་གསར་བས་གཙོ་བོ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་གཙོ་བོར་བཟུང་ཡོད་ལ། མི་དམངས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་ཐུབ་པའི་བྱེད་ཐབས་དངོས་འབེབས་བྱེད་པར་དོ་སྣང་བྱེད་རྒྱུ་ཡིན་ཟེར། 

ཨན་ཝ་ཨར་གྱིས་མགོ་ཁྲིད་པའི་རེ་བའི་མནའ་འབྲེལ་ལ་ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན་སྤེལ་བའི་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མའི་འདེམ་བསྐོའི་ཁྲོད་ལས་གནས་གྱ་གཉིས་ཐོབ་པ་དང་། ལས་གནས་ཆེས་མང་བོ་ཡིན་ཡང་གཅིག་རྐྱང་གི་ལས་གནས་ཁ་གྲངས་ཆེས་མང་བོའི་ཚད་དུ་བསླེབས་མེད། མཱ་ལེ་ཞི་ཡཱའི་ཆེས་མཐོའི་གཙོ་འཛིན་ཨ་པུའུ་ཏུའུ་ལཱ་ཡིས་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་ཨན་ཝ་ཨར་ཙུང་ལི་གསར་བར་བསྐོ་འཇོག་བྱས་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།