རྒྱལ་ཁབ་མང་བོའི་མགོ་ཁྲིད་པས་མུ་མཐུད་དུ་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གློག་འཕྲིན་གཏོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས་བློ་མཐུན་ཅང་ཙེ་མེན་སྐུ་གཤེགས་པར་མྱ་ངན་ཞུས།
ཐེ་གོ་རྒྱལ་བོའི་རྒྱལ་ཁབ་ཀྱི་རྒྱལ་བོ་ཝ་ཅི་ལཱ་ལུང་ཀུང་གིས་བསྟན་དོན། ཀྲུའུ་ཞི་ཅང་ཙེ་མེན་ནི་རྒྱལ་སྤྱིའི་སྟེང་མཚན་སྙན་ལྡན་པའི་ཀྲུང་གོའི་མགོ་ཁྲིད་པ་ཡིན་པར་མ་ཟད། ཐེ་གོ་མི་དམངས་ཀྱིས་གོང་བཀུར་བྱེད་པའི་ཁྱིམ་མི་ལྟ་བུ་ཡིན། ཀྲུའུ་ཞི་ཅང་ཙེ་མེན་གྱིས་གཅིག་སྟོང་དགུ་བརྒྱ་གོ་དགུ་ལོར་ཐེ་གོ་རུ་རྒྱལ་དོན་འཚམས་འདྲི་མཛད་དེ་ཐེ་གོ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཟེར།
མའོ་ལོ་ཀིའི་རྒྱལ་བོ་མུའུ་ཧན་མའོ་ཏི་སྐུ་ཕྲེང་དྲུག་པས་བསྟན་དོན། ཀྲུའུ་ཞི་ཅང་ཙེ་མེན་གྱིས་ཀྲུང་གོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཀྲུང་གོའི་རྒྱལ་སྤྱིའི་གོ་གནས་མཐོར་འདེགས་བྱེད་པར་ཕུལ་དུ་བྱུང་བའི་བྱས་རྗེས་བཞག་ཡོད་ཟེར།
ནཱ་སྨི་པུ་ཡཱའི་ཙུང་ཐུང་ཀིན་ཀི་པུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཅང་ཙེ་མེན་གྱིས་ནཱ་སྨི་པུ་ཡཱས་རང་བཙན་དང་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་བརྩོན་ལེན་བྱེད་པའི་ཐད་བསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད། ཀྲུའུ་ཞི་ཅང་ཙེ་མེན་སྐུ་གཤེགས་པ་ནི་ཀྲུང་གོའི་མི་དམངས་དང་ཀྲུང་གོ་གུང་ཁྲན་ཏང་གི་གྱོང་གུད་ཡིན་པར་མ་ཟད། ནཱ་སྨི་པུ་ཡཱའི་གྱོང་གུད་ཀྱང་ཡིན་ཟེར།
པཱ་ཞིའི་ཙུང་ཐུང་པའོ་སོ་ནཱ་ལོ་ཡིས་བསྟན་དོན། པཱ་ཞི་དང་ཀྲུང་གོའི་འབྲེལ་བ་དེ་ཀྲུའུ་ཞི་ཅང་ཙེ་མེན་གྱི་འགན་ཡུན་ནང་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སུ་བཏང་ཡོད་ལ། པཱ་ཞི་ནི་ཀྲུང་གོའི་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཐོག་མར་གྱུར་ཡོད། བདག་གིས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན་ཟེར།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མའོ་ཏི་དང་། ཁཱ་ཐར་གྱི་མགོ་ཁྲིད་པ་ཐཱ་མུས་མུའུ། ཨ་མན་གྱི་མགོ་ཁྲིད་པ་ཧེ་སེ་མུའུ། པཱ་ལིན་གྱི་རྒྱལ་བོ་ཧཱ་མཱ་ཏི། ཡེ་མིན་གྱི་ཙུང་ཐུང་མགོ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་ལི་མུས། མཱ་ལཱ་ཝེའི་ཙུང་ཐུང་ཁྲ་ཁི་ཝེ་ལཱ། ཀུའེ་ནེ་ཡཱའི་ཙུང་ཐུང་ཏོན་པུའུ་ཡཱ། ཅི་ལི་པཱ་སིའི་ཙུང་ཐུང་མཱ་མའོ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་དང་ཙུང་ལིའི་འགན་གཅིག་ལྕོགས་སུ་ཁུར་མཁན་མུའུ་ཧན་མའོ་ཏི། ཁཱ་ཐར་གྱི་མགོ་ཁྲིད་པ་གཞོན་པ་ཨ་པུའུ་ཏུའུ་ལཱ་དང་དབུ་བཞུགས་བློན་ཆེན་དང་ནང་སྲིད་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་ཧཱ་ལི་ཏི། ལའོ་ཝའོ་སྲིད་གཞུང་གི་ཙུང་ལི་ཕན་ཁན། མའོ་ལི་ཁྱིག་སིའི་ཙུང་ལི་ཅཱ་ཀི་ནཱ་ཐི་སོགས་ཀྱིས་ཀྱང་བློ་མཐུན་ཅང་ཙེ་མེན་སྐུ་གཤེགས་པའི་ཐད་ནས་བློ་མཐུན་ཅང་ཙེ་མེན་གྱི་ཁྱིམ་མི་དང་ཀྲུང་གོའི་སྲིད་གཞུང་། ཀྲུང་གོའི་མི་དམངས་བཅས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུས།
བསོད་ནམས་ཚེ་རིང་གིས་བསྒྱུར།